ལྷ་སའི་བརྒྱད་གཅིག་ཁྲོམ་གཞུང་བརྒྱད་གཅིག་སྡེ་ཁུལ་དུ་སྡེ་ཁུལ་གྱི“ཁྱིམ་ཚང་གི་ལོ་རྒྱུས་ཁང”ཞིག་ཡོད།
ཁྱིམ་ཚང་གི་ལོ་རྒྱུས་གཏམ་རྒྱུད་94ལས་ལོ་ངོ་དྲུག་ཅུའི་ངོ་མཚར་ཆེ་བའི་འགྱུར་ལྡོག་མངོན།
ལྷ་སའི་བརྒྱད་གཅིག་ཁྲོམ་གཞུང་གི་ཀྱག་ཀྱོག་གི་སྲང་ལམ་དུ་དམིགས་བསལ་ཁྱད་ཆོས་ལྡན་པའི“ཁྱིམ་ཚང་གི་ལོ་རྒྱུས་ཁང”ཞིག་ཡོད་པ་སྟེ། བརྒྱད་གཅིག་སྡེ་ཁུལ་གྱི་ཁྱིམ་ཚང་གི་ལོ་རྒྱུས་ཁང་ཡིན། དེ་ནི་བོད་ཀྱི་སྡེ་ཁུལ་གྲོང་མིའི་ཁྱིམ་ཚང་གི་ལོ་རྒྱུས་བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་སྟོན་ཁང་དང་པོ་དེ་ཡིན་ཞིང་། གཙང་ལ་དཀར་ཆ་དོད་པའི་ཐོག་ཁང་ཆུང་ངུའི་ནང་ཁྱིམ་ཚང་གི་ལོ་རྒྱུས་གཏམ་རྒྱུད་94དང་དངོས་རྫས་120འགྲེམས་སྟོན་བྱས་པ་དེ་དག་ལས་བོད་དང་ཕ་ཡུལ་སྐོར་གྱི་མི་རབས་ཁ་ཤས་ཀྱི་དྲན་འཆར་གཅིག་ཏུ་བསྡུས་ནས་མངོན་ཡོད།
བརྒྱད་གཅིག་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་དབྱང་ཤིས་ཀྱིས། “ཁྱིམ་ཚང་གི་ལོ་རྒྱུས་ཁང་ལ་ལྟ་སྐོར་བྱེད་མཁན་མི་ཉུང་བ་ཞིག་ཡོད་པའི་ནང་རང་འགྲམ་གྱི་ལོ་རྒྱུས་ཤེས་རྟོགས་བྱེད་མཁན་གྱི་གྲོང་མི་ཡོད་ལ། ཁྱིམ་ཚང་ལོ་རྒྱུས་ཁང་ལ་ལྟ་སྐོར་བྱས་པ་བརྒྱུད་ལྷ་ས་དང་ཐ་ན་བོད་ཀྱི་འཕེལ་རྒྱས་དང་འཕོ་འགྱུར་ཤེས་རྟོགས་བྱེད་མཁན་གྱི་ཡུལ་སྐོར་བའང་ཡོད”ཅེས་བཤད།
ཁྱིམ་ཚང་གི་ལོ་རྒྱུས་ཁང་དུ་སྐྱོད་སྐབས། གྱང་ཐོག་ཏུ་བཀལ་བའི་གྲོང་མིས་བརྗོད་པའི་གཏམ་རྒྱུད་དང་། པར་རྙིང་པ་དང་གསར་པ། འགྲེམས་སྟོན་དངོས་རྫས་སྣ་ཚོགས་བཅས་ཀྱིས་མི་རྣམས་ལ་ལོ་ངོ་60ཡི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བརྗོད་བཞིན་མཆིས།
ཁྱིམ་ཚང་གཅིག་གི་ལོ་རྒྱུས་ལས་དད་སེམས་ཀྱི་སྟོབས་ཤུགས་གཅིག་ཏུ་འདུས་པ་མངོན་པ་སྟེ།
གྲོང་མི་ཐུབ་བསྟན་གྱི་ཁྱིམ་ཚང་ལོ་རྒྱུས་འགྲེམས་པང་ཐོག་ཁོང་གིས་ལག་བྲིས་བྱས་པའི་སྡེ་ཁུལ་གྱི་ས་བཀྲ་ཞིག་ཡོད།
དེ་ཡང་། སྐབས་དེ་དུས་བགྲེས་སོང་ཐུབ་བསྟན་བརྒྱད་གཅིག་སྡེ་ཁུལ་གྲོང་མིའི་ཚོགས་ཆུང་གི་ཙུའུ་ཀྲང་ཡིན་པ་དང་སྡེ་ཁུལ་གྱི་འགན་ཕལ་ཆེ་བ་ཁོང་གིས་འཁུར་གྱི་ཡོད། སྡེ་ཁུལ་ལ་གཞུང་ཕྱོགས་ཀྱི་ས་བཀྲ་མེད་ལ། སྡེ་ཁུལ་གྱི་སྡོད་ཁང་ཡང་གྲོང་མི་སོ་སོས་བརྒྱབ་པའི་ཁང་པ་ཤ་སྟག་ཡིན་པ་དང་། སྲང་ལམ་གུ་དོག་པས་གཞི་རིམ་ལས་དོན་སྒྲུབ་པར་སྟབས་བདེ་མེད།
དེ་ལྟར་ཁོང་གིས་བརྒྱད་གཅིག་སྡེ་ཁུལ་གྱི་ས་བཀྲ་ཞིག་འཆར་འགོད་དང་འབྲི་འགོ་བརྩམས། ཁྱིམ་ཚང་རེ་རེ་བཞིན་དུ་བསྐྱོད་ནས་སྐད་ཆ་འདྲི་བ་དང་ཁྲོམ་གཞུང་དང་སྲང་ལམ་ཚང་མ་ཐོ་བཀོད་བྱས། སྐབས་དེ་དུས་ལག་ཐོགས་ཁ་པར་དང་ཕྱོགས་སྟོན་སོགས་གང་ཡང་མེད་ཀྱང་། ཁོང་གིས་རང་ཉིད་འཚོ་བ་སྐྱེལ་སའི་སྡེ་ཁུལ་གྱི་གནས་ཚུལ་གཅིག་རྐྱང་མ་ལུས་པ་ཐོ་བཀོད་ཞིབ་ཚགས་བྱས། འགྲོ་ཞོར་ལྟ་ཞོར་ལ་གྲོང་མི་ཚོའི་ཁྱིམ་ཚང་གི་གནས་ཚུལ་འདྲི་བ་དང་གལ་ཏེ་རོགས་པ་བྱེད་དགོས་ཚེ་ཁོང་གིས་འཕྲལ་མར་རོགས་པ་བྱེད་ཀྱི་ཡོད།
“ང་ནི་ཏང་ཡོན་ཞིག་ཡིན་པས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད། 1963ལོར་ཏང་ལ་ཞུགས་པ་ནས་བཟུང་ངས་ཐོག་མཐའ་བར་གསུམ་དུ་ཏང་ཡོན་གྱི་མིང་ཐོབ་དེར་གཅེས་སྤྲས་བྱེད་ཀྱི་ཡོད”ཅེས་ཐུབ་བསྟན་གྱིས་བཤད།
བློ་བརྟན་འགྱུར་མེད་ཀྱི་དད་སེམས་ཀྱིས་ཐུབ་བསྟན་ལ་ངར་ཤུགས་སྦྱིན། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དུ་ཕྱུགས་རིགས་སྨན་པ་བྱེད་སྐབས། ཁོང་གིས་མང་ཚོགས་ཀྱི་སྒོ་ཕྱུགས་ལ་སྨན་བཅོས་ཞིབ་ཚགས་བྱེད་པ་མ་ཟད། ད་དུང་མི་སེར་གྱི་ཁྱིམ་སྤྱོད་གློག་ཆས་ལ་སྐྱོན་ཤོར་བ་མཐོང་ན་ཁོང་གིས་བཟོ་རོགས་བྱེད་པ་དང་། རྫོང་དུ་བྱེ་རླུང་ཚབས་ཆེན་ལྡང་བ་མཐོང་སྐབས་སྣེ་ཁྲིད་ནས་ཤིང་འཛུགས་ནགས་བཟོ་བྱས། “ང་ཚོ་མང་ཚོགས་ཀྱི་འགྲམ་དུ་ལས་ཀ་བྱེད་མཁན་ཡིན་པས་མང་ཚོགས་ཚོས་ཏང་ཡོན་ནི་མང་ཚོགས་ཀྱི་ཆེད་དུ་ལས་ཀ་སྒྲུབ་མཁན་ཞིག་ཡིན་པ་ཤེས་པར་བྱེད་དགོས”ཅེས་ཐུབ་བསྟན་གྱིས་བཤད།
“ཏང་ཡོན་ཚང་མས་མིག་དཔེ་ཡག་པོ་སྟོན་ཚེ། གཞི་ནས་མང་ཚོགས་ཀྱིས་ཏང་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱས་ཏེ་ཏང་དང་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་ཐུབ” བརྒྱད་གཅིག་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཉི་མ་ཚེ་རིང་གིས། “བརྒྱད་གཅིག་སྡེ་ཁུལ་འཕེལ་རྒྱས་གཏོང་བའི་ཁྲོད་ཏང་ཀྲི་པུའུ་3དང་ཏང་ཡོན་147གྱིས་ནུས་པ་གལ་ཆེན་བཏོན་ཡོད”ཅེས་བཤད།
ཁྱིམ་ཚང་གཅིག་གི་ལོ་རྒྱུས་ལས་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་མངོན་པ་སྟེ།
སྡེ་ཁུལ་གྱི་གྲོང་མི་དགྲ་འདུལ་གྱི་ཁྱིམ་ཚང་ལོ་རྒྱུས་ལས་ཁོང་ཁྱིམ་གྱི་འབད་འཐབ་གཏམ་རྒྱུད་བརྗོད་ཡོད།
འགྲེམས་སྟོན་བྱས་པའི་ཞིང་ལས་ལག་ཆ་དེ་དག་གིས་ལྟ་སྐོར་བའི་བློ་ངོར་གསར་སྦོལ་འཛུགས་སྐྲུན་གྱི་ལོ་རབས་འཆར།
སྐབས་དེ་དུས་ལྷ་སའི་བརྒྱད་གཅིག་ཞིང་རའི་ས་ཆ་ཕལ་ཆེ་བ་ནི་གང་སར་རྡོ་ཧྲུག་གིས་ཁེངས་པའི་གྲམ་ཐང་དང་འདམ་ར་ཡིན། དགྲ་འདུལ་གྱི་ཕ་བློ་བཟང་ཆོས་དར་སོགས་འཛུགས་སྐྲུན་པས་ཤིང་རྩ་བཀོག་བཏང་ནས་ས་ཆ་འཁོད་སྙོམ་ཞིང་། དུས་ཡུན་ཟླ་བ་གཅིག་ལྷག་ཙམ་ནང་ས་ཆ་མུའུ་2000ལྷག་ཙམ་འཁོད་སྙོམ་ཡོད། པཱ་ལགས་ཀྱིས་རང་ཉིད་ལ་སྐབས་དེའི་གཏམ་རྒྱུད་བརྗོད་སྐབས་ཡིད་ཆེས་ཀྱིས་ཁེངས་པའི་རྣམ་འགྱུར་ད་བར་དགྲ་འདུལ་གྱི་བློ་ལ་གསལ་པོར་ངེས་ཡོད། པཱ་ལགས་ཀྱི་འབད་འཐབ་གཏམ་རྒྱུད་སེམས་ལ་ངེས་པ་མ་ཟད། ཕྲུ་གུ་ཚོར་ཡང་བརྒྱུད་སྤྲོད་བྱས།
ཁྱིམ་ཚང་གི་ལོ་རྒྱུས་འགྲེམས་སྟོན་ཁང་ནང་དགྲ་འདུལ་གྱི་བརྗེད་པར་དཀའ་བའི་གཏམ་རྒྱུད་ཡོད་ཅིང་། དེ་ནི་ཁོང་ཞིང་རར་ལས་ཀ་བྱས་པའི་སྐོར་གྱི་ལོ་ཟླ་རེད།
སྐབས་དེ་དུས་ཏང་གི་སྲིད་ཇུས་བཟང་པོའི་འོག་དགྲ་འདུལ་གྱིས་ས་ཞིང་མུའུ་50འགན་གཙང་བླངས་ནས་སྔོ་ཚལ་དང་། ལ་ཕུག ནས་བཅས་བཏབ། ལོ་ལེགས་དང་ཁེ་བཟང་ཅི་འདྲ་བྱུང་མིན་ལ་མ་བལྟོས་པར་དགྲ་འདུལ་གྱིས་རྨོ་ཞིང་དང་། སོན་འདེབས། ཡུར་མ་ཡུར་བ། ཆུ་གཏོང་བ་སོགས་ཀྱི་ལས་ལ་གཞོལ། དགྲ་འདུལ་གྱིས“པཱ་ལགས་ཀྱི་གཏམ་རྒྱུད་ལས་ངས་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པའི་ཆོད་སེམས་བརྟན་དུ་ཕྱིན་སོང”ཞེས་བཤད།
ལོ་དེའི་སྟོན་ཁར་ལོ་ལེགས་བྱུང་སྟེ་ལོ་གཅིག་གི་ཐོན་འབབ་བཙོངས་པར་ཡོང་འབབ་སྒོར་2000ལྷག་ཙམ་བྱུང་བས་དགྲ་འདུལ་དགའ་ཐག་ཆོད། དེ་རྗེས་ཀྱི་ལོ་དེ་དག་ནང་དགྲ་འདུལ་གྱིས་འདྲུད་འཐེན་འཕྲུལ་འཁོར་གཏོང་བ་དང་། དྲོད་ཁང་ཆེ་མོ་འགན་གཙང་ལེན་པ། ཤིང་ཏོག་ལྡུམ་ར་གཉེར་སྐྱོང་བཅས་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བའི་ཕྱོགས་སུ་འབད་འཐབ་བྱས།
ཁྱིམ་ཚང་གཅིག་གི་ལོ་རྒྱུས་ཀྱིས་མི་རིགས་མཐུན་སྒྲིལ་ལ་དཔང་པོ་བྱས་པ་སྟེ།
བརྒྱད་གཅིག་སྡེ་ཁུལ་གྱི་ས་ལར་རིགས་ཀྱི་གྲོང་མི་མཱ་ཀ་ཤིས་མུའུ་བོད་དུ་འཚོ་བ་བསྐྱལ་ནས་ལོ་30སོང་ཞིང་། ཁོང་གིས་རང་ཉིད་ཀྱི་བརྩེ་དུང་དང་ལས་ཀའི་སྐོར་བཀོད་པའི་གཏམ་རྒྱུད་ཁྱིམ་ཚང་གི་ལོ་རྒྱུས་ཁང་ལ་ཕུལ།
བརྩེ་དུང་། 1998ལོར་མཚོ་སྔོན་ནས་ཡོང་བའི་གཞོན་ནུ་མཱ་ཀ་ཤིས་མུའུ་གཞིས་རྩེའི་ཟ་ཁང་ཞིག་ཏུ་མ་བྱན་བྱེད་སྐབས་བོད་རིགས་ཞབས་ཞུ་མ་ཟླ་བ་དབྱངས་ཅན་དང་ལས་འགྲོའི་མདུད་པ་ཐེབས།
ཐོག་མར་ཟླ་བ་དབྱངས་ཅན་གྱི་ཨ་མས་ཁྱིམ་ཚང་གཉིས་ས་ཐག་རིང་བས་གཉེན་སྒྲིག་དེ་ཁས་བླངས་མེད། ཕྱིས་སུ་ཕོ་གཞོན་དེ་ལས་ཀ་ཧུར་བ་མ་ཟད། དཀའ་ལས་རྒྱག་མཁན་ཞིག་ཡིན་པ་ཤེས་རྗེས་ཨ་མས་མོས་མཐུན་བྱས་རྗེས་གཞོན་ནུ་གཉིས་ལོ་དེར་གཉེན་སྒྲིག་བྱས།
2003ལོར་མཱ་ཀ་ཤིས་མུའུ་ཡི་ནང་མི་ལྷ་སར་ཡོང་ནས་བརྒྱད་གཅིག་སྡེ་ཁུལ་ཀླུ་སྡིང་ལམ་གྱི་སྒོ་རྟགས་15པའི་སྒོ་ར་ཆེན་པོར་འཚོ་བ་སྐྱེལ་འགོ་ཚུགས། ཁོང་ཡང་འཐེན་ཐུག་མ་བྱན་ཞིག་ནས་སྡེ་ལས་ཀུང་སིའི་ལས་མིར་གྱུར་ཏེ། ཆུ་སྦུག་དང་ཆུ་ལམ་ཤོང་བ་དང་། ཁྱིམ་མཚེས་དབར་གྱི་རྩོད་གཞི་འདུམ་འགྲིག མཚན་མོར་སྐོར་གཡེང་བཅས་བྱེད་ཀྱི་ཡོད།
“ལས་ཀ་དེ་དག་ལ་དགའ་པོ་ཡོད། གང་ཡིན་ཞེ་ན། འདི་གར་ནང་མི་དང་། ཁྱིམ་མཚེས། གྲོགས་པོ་བཅས་ཡོད་པས་ཚང་མས་ང་ལ་ལྟ་རྟོག་ཡག་པོ་བྱེད་ཀྱི་འདུག་པས་ངས་ཀྱང་དྲིན་ལན་འཇལ་འདོད་ཡོད། གལ་ཏེ་ལས་ཀ་དེ་དག་མེད་པའི་དབང་དུ་བཏང་ནའང་། ང་མུ་མཐུད་ལྷ་སར་འཚོ་བ་སྐྱེལ་འདོད་ཡོད”ཅེས་མཱ་ཀ་ཤིས་མུའུ་ཡིས་བཤད།
ཁྱིམ་ཚང་གཅིག་གི་ལོ་རྒྱུས་ཀྱིས་དུས་རབས་ཀྱི་མཆོང་སྐྱོད་ལ་དཔང་པོ་བྱས་པ་སྟེ།
གྲོང་མི་ནོར་བུ་ཚེ་རིང་གིས་ཁྱིམ་ཚང་གི་ལོ་རྒྱུས་ཁང་ལ་ཕུལ་བའི་པར་དེ་2006ལོའི་ཟླ་7པར་ཁོང་གི་ཨ་མ་མཚོ་བོད་ལྕགས་ལམ་གྱི་ཆེད་གཏོང་མེ་འཁོར་དང་པོར་བསྡད་པའི་པར་ཡིན། ཁོང་གི་ཨ་མས་ད་བར་རང་ཉིད་མེ་འཁོར་ནང་བསྡད་པའི་གནས་ཚུལ་གསལ་པོར་ངེས་ནས་ཡོད།
“ད་ཆ་ངའི་ཕྲུ་གུ་ཚོས་ལག་ཐོགས་ཁ་པར་ནས་མེ་འཁོར་དང་གནམ་གྲུའི་སྤ་སེ་ཉོས་ནས་མེས་རྒྱལ་ནང་སར་ཡུལ་སྐོར་ལ་འགྲོ་གི་ཡོད། སྔོན་མ་ང་ཚོས་མེ་འཁོར་མཐོང་སྐབས་ཧང་སངས་ཀྱི་ཡོད་ལ། ད་ཆ་རྒྱུན་དུ་གནམ་གྲུར་སྡོད་པ་དེ་ཡང་རྒྱུན་གཏན་རེད། འབྱུང་འགྱུར་དེ་ལས་ལྷག་པའི་འཕེལ་རྒྱས་འགྲོ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་ནོར་བུ་ཚེ་རིང་གིས་མྱོང་ཚོར་ཟབ་མོས་བཤད།
(མི་དམངས་ཉིན་རེའི་ཚགས་པར་ལས་བཏུས)
འབྲེལ་ཡོད་གསར་འགྱུར།