དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་ཁེ་ལས་འབྲིང་ཆུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་འགའ་ཞིག་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-04

    ཉིན་ཤས་གོང་། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། 《བོད་རང་སྐྱོང་ལྗོངས་ཀྱིས་ཁེ་ལས་འབྲིང་ཆུང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་འགའ་ཞིག》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)དེ་2025ལོའི་ཟླ་7ཚེས་1ཉིན་དངོས་སུ་བཀྲམ་ཞིང་། 《བྱ་ཐབས》ནང་འགག་རྩའི་ཕྱོགས་བཅུའི་ཐད་ནས་གནད་སྨིན་ཤུགས་འདོན་གྱིས་ཁེ་ལས་ལ་རོགས་རམ་དང་ཕན་འདོགས་པའི་བྱ་ཐབས་ཞིབ་ཕྲ་རབ་དང་རིམ་པ་བཏོན་ནས་རང་ལྗོངས་ཀྱི་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་འགྲོ་བར་མཐུན་རྐྱེན་སྦྱོར་རྒྱུ་ཡིན་པ་བསྟན་ཡོད།

    《བྱ་ཐབས》ནང་ཁ་གསལ་བཏོན་དོན། གཞི་ཁྱོན་ཆེ་རུ་དང་སྤུས་ཚད་མཐོ་རུ་འགྲོ་བར་སྐུལ་མ་གཏོང་བར་དམིགས་ཏེ། གཞི་ཁྱོན་ཡན(བཅད་གྲངས་ཡན་ཚུད་པ)གྱི་གྲལ་དུ་ཐེངས་དང་པོར་སླེབས་པའི་ཁེ་ལས་དང་དེ་བཞིན་རྒྱལ་ཁབ་རིམ་པ་དང་། རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ལ་གཏན་འཁེལ་བྱས་རིགས་ལ་བྱ་དགའི་དངུལ་སྤྲོད་ཐེངས་གཅིག་ལ་སྤྲད་དེ། “སྐལ་བཟང་མེ་ཏོག་གི་བྱ་སྤྱོད”ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཐབས་ཇུས་གནད་ལ་འཁེལ་པོས་ཆ་རྐྱེན་འཛོམས་པའི་ཁེ་ལས་ཁྲོམ་རར་ཞུགས་པར་རོགས་རམ་བྱ་རྒྱུ་དང་། ཁྲོམ་ར་རྒྱ་བསྐྱེད་པར་རོགས་རམ་བྱེད་པར་དམིགས་ནས། སྲིད་གཞུང་གི་ཉོ་སྒྲུབ་ཁྱབ་ཁོངས་ཀྱི་ཁེ་ལས་འབྲིང་ཆུང་ལ་ཕྱོགས་ནས་འཛད་ཟོག་རྙིང་པ་གསར་པར་བརྗེ་བ་དང་། རང་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་བོད་ནས་ཕྱིར་གཏོང་བར་དབོར་གླ་ཁ་གསབ་སྤྲོད་པ། འགག་སྒོ་ལས་ཁུངས་ཀྱི་ཡིད་རྟོན་མཐོ་ཤོས་ཀྱི་ཁས་ལེན་ཐོབ་པའི་ཁེ་ལས་ལ་བྱ་དགའི་དངུལ་སྤྲོད་ཐེངས་གཅིག་ལ་སྤྲད་དེ་ཁྱད་ལྡན་ཐོན་རྫས་འགྲེམས་ཚོགས་སུ་ཞུགས་པར་རྒྱབ་སྐྱོར་བཅས་བྱ་རྒྱུ།

    དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་དམིགས་ནས། དངུལ་རྩའི་སྒྲིག་གཞིར་རང་ཉིད་ཀྱི་སྟོབས་འབྱོར་ལ་དཔག་པའི་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་གཏན་འཁེལ་བྱེད་པར་ཁྲིད་སྟོན་གྱིས་དངུལ་རྩའི་སྒྲིག་གཞིས་འགན་སྒྲུབ་འགན་འདེད་མི་གཏོང་བའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། དངུལ་རྩའི་སྒྲིག་གཞིས་གཉེར་སྐྱོང་དང་ཡིད་རྟོན་ཐོ་འགོད་ཡག་པའི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་ཡིད་རྟོན་དངུལ་བུན་གཏོང་བར་སྐུལ་ལྕག་བྱ་རྒྱུ། ཁྲལ་དངུལ་ཆག་ཡང་དང་རྩ་ཆག་སྲིད་ཇུས་དོན་འཁྱོལ་བྱེད་པར་དམིགས་ནས། ནུབ་རྒྱུད་ཐོན་འབྱེད་ཆེན་མོའི་ཁེ་ལས་ལ་ཐོབ་ཁྲལ་གྱི་ཁྲལ་ཚད་15%ལག་ལེན་བསྟར་རྒྱུ། གསར་གཏོད་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པར་དམིགས་ནས། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཁས་ལེན་གྱི་མཚན་སྙན་ཐོབ་པའི་ཁེ་ལས་ལ་བྱ་དགའི་དངུལ་སྤྲོད་ཐེངས་གཅིག་ལ་སྤྲོད་རྒྱུ་དང་། རང་སྐྱོང་ལྗོངས་རིམ་པའི་ཚན་རྩལ་ཁེ་ལས་སྐྱེད་སྲིང་བྱེད་མཁན་དུ་ཁས་ལེན་ནམ་ཡང་ན་རང་སྐྱོང་ལྗོངས་རིམ་པའི་ལས་གཏོད་སྐྱེད་སྲིང་རྟེན་གཞིར་ཁས་ལེན་ཐོབ་པའི་ཁེ་ལས་ལ་བསྡུར་ཚད་ངེས་ཅན་ཐོག་ནས་འཛུགས་སྐྲུན་རོགས་སྐྱོར་མ་དངུལ་སྤྲོད་ཐེངས་གཅིག་ལ་སྤྲད་དེ་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ལས་སྟེགས་གཏོད་པར་ལྕག་སྐུལ་དང་རྒྱབ་སྐྱོར་བྱ་རྒྱུ། ལྗང་མདོག་ཕྱོགས་སྒྱུར་དང་གྲངས་གཞི་ཅན་གྱི་ཕྱོགས་སྒྱུར་ལ་ཁྲིད་སྟོན་བྱེད་པར་དམིགས་ནས། ཕྱོགས་སྒྱུར་རིམ་སྤོར་དང་། ལྗང་མདོག་འཕེལ་རྒྱས། གྲངས་གཞིའི་རིག་ལྡན་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་རྣམ་གྲངས་ལ་གཙོ་བོར་སྤྱད་པའི་གཏན་འཇགས་རྒྱུ་ནོར་དང་འཁོར་རྒྱུག་མ་དངུལ་སོགས་ཀྱི་དངུལ་བུན་གྱི་སྐྱེད་ཀ་སྤྲོད་རྒྱུ། སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བར་དམིགས་ནས། སྤུས་རྟགས་སྐྱེད་སྲིང་ལ་རྒྱབ་སྐྱོར་དང་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། མ་གནས་དམའ་རུ་འགྲོ་བར་སྐུལ་འདེད་གཏོང་བར་དམིགས་ནས། ཁེ་ལས་ཀྱི་གློག་རིན་དང་ཟོག་འགྲེམས་སོགས་ཀྱི་མ་གནས་དམའ་རུ་བཏང་སྟེ་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་རྒྱུ། ཤེས་ལྡན་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་དམིགས་ནས། “གསོ་སྐྱོང་དང་། གདན་ཞུ། བཀོལ་སྤྱོད། གནས་ཐུབ་པ”བཅས་ཀྱི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ཏེ་ཆེད་ལས་ལག་རྩལ་ཤེས་ལྡན་པའི་གོ་མིང་དཔྱད་འདེམས་ཀྱི་འགྲོ་ལམ་ཤར་གཏོང་ཐུབ་པར་བྱ་རྒྱུ། ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བར་དམིགས་ནས། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་བཤེར་ཚད་ལྡན་དུ་གཏོང་བ་དང་། ཁེ་ལས་འབྲིང་ཆུང་གི་རྩིས་ཁྲའི་དངུལ་འགྱངས་ཆད་བྱས་པའི་ཞུ་གཏུག་བདག་སྤྲོད་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། དྲང་གཞག་འགྲན་རྩོད་ཀྱི་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། ཁེ་ལས་ཁ་དན་ཚིག་ལ་མ་གནས་རིགས་ལ་ཆད་གཅོད་བསླབ་འདོམས་དང་ཡིད་རྟོན་ཉམས་པ་སླར་གསོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཁེ་ལས་འབྲིང་ཆུང་ལ་སྲིད་ཇུས་དྲིལ་བསྒྲགས་ལག་བསྟར་དང་། གསོ་སྦྱོང་བློ་འདྲི་སོགས་ཀྱི་ཞབས་འདེགས་ཞུ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།