དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་གསར་པ་བཏོན་པ།

    སྨན་ཁང་དུ་བསྡད་པའི་སྨན་རིན་རྩིས་ཞུའི་བསྡུར་ཚད་མཐོ་ཤོས་90%ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-08-04

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་སྲིད་ཇུས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་གསར་པ་ངོ་སྤྲོད་ཞིབ་ཕྲ་བྱས་ཤིང་། སྲིད་ཇུས་གསར་པའི་དམིགས་ཡུལ་ནི་སྨན་བཅོས་འགན་བཅོལ་ཐོབ་ཐང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་། འགན་བཅོལ་ནང་ཞུགས་པའི་ཞབས་ཞུ་ལེགས་སུ་གཏོང་བ་དང་འབྲེལ་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། གྲོང་ཁྱེར་ཡོངས་ཀྱི་འགན་བཅོལ་ནང་ཞུགས་པའི་གྲོང་མི་ཁྲི་73.51(འགན་བཅོལ་ལ་ཞུགས་ཚད་99.97%ཟིན་པ)ལ་ཕན་པ་ཐོབ་པར་བྱེད་རྒྱུ་དེ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྒོ་བསྟེན་སྨན་བཅོས་འགན་སྲུང་ཐད། སྤྱིར་བཏང་སྒོ་བསྟེན་སྨན་བཅོས་ཀྱི་ལོ་འཁོར་རྩིས་ཞུའི་བཅད་གྲངས་མཐོ་རུ་བཏང་ཞིང་། གྲོན་དངུལ་འཇལ་བའི་རིམ་པ་མཐོ་བ་དང་དམའ་བ་སོ་སོར་སྒོར་400དང་སྒོར་300རྩིས་ཞུ་བྱེད་ཆོག་པ་དང་། གཞི་རིམ་སྨན་བཅོས་སྒྲིག་གཞིར་སྨན་བཅོས་བྱེད་པར་ཐོག་མའི་དངུལ་ཚད་བཟོས་མེད། ལས་བཟོ་དང་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་དམིགས་བསལ་ནད་གཞི་དག་རིགས་43ལ་གཅིག་གྱུར་བསྡུ་སྒྲིལ་བྱས་པ་དང་། 2025ལོའི་ཟླ་9ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཡིན་ཞིང་། རྩིས་ཞུའི་བསྡུར་ཚད(རིམ་པ་མཐོ་བར་90%དང་། རིམ་པ་དམའ་བར་60%)ཧ་ཅང་མཐོ་རུ་ཕྱིན་ཡོད། ལོ་འཁོར་གྱི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་སྒོར་ཁྲི་6ཡིན་པ་མ་ཟད། སྨན་ཁང་དུ་བསྡད་པའི་སྨན་རིན་དང་མཉམ་དུ་རྩིས་རྒྱག་རྒྱུ་རེད།  ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི“ནད་གཞི་གཉིས”ཀྱི་སྒོ་བསྟེན་སྨན་བཅོས་ཀྱི་སྨན་སྤྱོད་འགན་སྲུང་བྱེད་ཤུགས་ཆེ་རུ་ཕྱིན་ནས་ལོ་འཁོར་གྱི་རྩིས་ཞུའི་དངུལ་གྲངས་སྒོར་800དང་སྒོར་1200སོ་སོར་ཟིན་ཞིང་། ནད་གཞི་གཉིས་མཉམ་དུ་ཕོག་ཚེ་སྒོར་2000རྩིས་ཞུ་བྱེད་ཆོག་པ་དང་། རྩིས་ཞུའི་བསྡུར་ཚད་སྨན་ཁང་གི་རིམ་པ་གཞིར་བཟུང་60%ནས་70%བར་ཡིན་པ་རེད།

    སྨན་ཁང་དུ་བསྡད་པའི་འགན་སྲུང་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། ལོ་འཁོར་གྱི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་སྒོར་ཁྲི་6རྒྱུན་འཁྱོངས་ཐུབ་ཡོད། འགོ་སྤྲོད་ཚད་གཞི་དེ་སྨན་ཁང་གི་རིམ་པ་ལྟར་གཏན་འཁེལ(རིམ་པ་གཉིས་པ་དང་དེ་མན་ལ་སྒོར་200དང་། རིམ་པ་གསུམ་པར་སྒོར་400)བྱས་པ་དང་། སྨན་ཁང་དུ་ཐེངས་མང་བསྡད་ན་སྨན་རིན་ཆག་ཡང་གཏོང་གི་ཡོད། གྲོན་དངུལ་འཇལ་བའི་རིམ་པ་དང་སྨན་ཁང་གི་རིམ་པར་གཞིགས་ནས་རྩིས་ཞུའི་བསྡུར་ཚད་གཏན་འཁེལ་བྱས་ཤིང་། རིམ་པ་མཐོ་བའི་གྲོན་དངུལ་འཇལ་མཁན་འགན་བཅོལ་ནང་ཞུགས་པའི་གྲོང་མིར་རིམ་པ་གཉིས་པ་དང་དེ་མན་གྱི་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་ཚེ་སྨན་རིན་90%རྩིས་ཞུ་བྱེད་ཆོག་པ་དང་། རིམ་པ་གསུམ་པའི་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་ཚེ་སྨན་རིན་85%རྩིས་ཞུ་བྱེད་ཆོག་གི་ཡོད།

    བུ་བཙའི་འགན་སྲུང་དེ་བས་ཆ་ཚང་བ་དང་། འཆར་ལྡན་བུ་བཙའི་གཤགས་བཅོས་འགྲོ་གྲོན་གྱི་གཏོང་སྤྲོད་ཚད་གཞི་ཁ་གསལ་བཟོས་ཡོད། རམ་འདེགས་སྐྱེ་འཕེལ་ལག་རྩལ་གྱི་སྒོ་བསྟེན་སྨན་བཅོས་ཀྱི་རྣམ་གྲངས་13དང་བུ་བཙའི་སྐྱེ་ཟུག་གཅོག་པ་དེ་སྒོ་བསྟེན་སྨན་བཅོས་ཀྱི་ཁེར་སྤྱོད་གཏོང་སྤྲོད་འགན་སྲུང་ནང་བཅུག་ནས་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་གཞིའི་བསྡུར་ཚད་གཞིར་བཟུང་རྩིས་ཞུ(རིམ་པ་མཐོ་བར་90%དང་། རིམ་པ་དམའ་བར་60%)བྱེད་པ་མ་ཟད། སྤྱིར་བཏང་སྒོ་བསྟེན་སྨན་བཅོས་དང་དམིགས་བསལ་ནད་གཞི་སོགས་སྨན་བཅོས་འགན་བཅོལ་ཐོབ་ཐང་གཞན་དག་གི་ལོ་འཁོར་གཏོང་སྤྲོད་བཅད་གྲངས་མི་བཟུང་བར་འབྲེལ་ཡོད་ཁྱིམ་ཚང་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།

    “འགན་བཅོལ་དངུལ་ཡུན་རིང་འཇལ་ཚེ་རྩིས་ཞུ་མང་ཙམ་བྱེད་པའི”ལྕག་སྐུལ་ལམ་སྲོལ་བཙུགས་ཤིང་། ལོ་10དང་དེ་ཡན་བསྟུད་མར་འགན་བཅོལ་ནང་ཞུགས་པའི་གྲོན་དངུལ་འཇལ་ཚེ་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་གཞི་དང་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱས་ཚེ་སྨན་རིན་རྩིས་ཞུའི་བསྡུར་ཚད་3%མཐོ་རུ་གཏོང་རྒྱུ་རེད། ཕྲུ་གུ་དམར་འབྱར་འགན་བཅོལ་ལ་ཞུགས་པར་འགན་སྲུང་དེ་བས་ཡག་པོ་ཐུབ་ཅིང་། 2025ལོ་ནས་བཟུང་སྨན་བཅོས་རོགས་སྐྱོབ་ཐེབས་རྩས་རིམ་པ་མཐོ་ཤོས་གཞིར་བཟུང་འགན་བཅོལ་ནང་ཞུགས་པའི་རོགས་དངུལ་སྤྲད་དེ“ཕྲུ་གུ་སྐྱེས་རྗེས་འགྲོ་ལུགས་ཀུན་སྒྲུབ”ཀྱི་སྟབས་བདེའི་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱེད་རྒྱུ་རེད། དམིགས་བསལ་དཀའ་ངལ་ཡོད་པ་དང་། དྭ་ཕྲུག དབང་པོ་སྐྱོན་ཅན་ཚབས་ཆེན་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་འགན་བཅོལ་ནང་ཞུགས་པའི་རོགས་དངུལ་ཆ་ཚང་སྤྲོད་པ་དང་། མ་མཐའི་འགན་སྲུང་དང་མཐར་ལུས་དུད་ཚང་སོགས་ཀྱི་ཚོགས་སྤྱིར་གྲངས་ཚད་གཏན་འཁེལ་གྱི་འགན་བཅོལ་ནང་ཞུགས་པའི་རོགས་དངུལ་སྤྲད་དེ། འགན་བཅོལ་ནང་ཞུགས་དགོས་རིགས་ཚང་མ་འགན་བཅོལ་ནང་ཞུགས་ཐུབ་པའི་འགན་ལེན་བྱེད་རྒྱུ་རེད། དེ་དང་ཆབས་ཅིག སྲིད་ཇུས་ནང་དུའང་གཅུན་འདོམས་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་པ་སྟེ། ལོ་4བསྟུད་མར་འགན་བཅོལ་ལ་ཞུགས་རྗེས་ལོ་གཅིག་གི་གྲོན་དངུལ་འཇལ་ཐེངས་རེར་ནད་ཆེན་འགན་བཅོལ་གྱི་བཅད་གྲངས་སྒོར་4000མཐོ་རུ་གཏོང་བ་དང་། ལོ་གོང་མར་རྩིས་ཞུ་བྱས་མེད་པ་མ་ཟད་ལོ་དེར་རྒྱུན་གཏན་ལྟར་གྲོན་དངུལ་འཇལ་མཁན་ལ་ལོ་དེའི་ནད་ཆེན་འགན་བཅོལ་གྱི་བཅད་གྲངས་ཀྱང་སྒོར་4000མཐོ་རུ་གཏོང་རྒྱུ་རེད། འོན་ཀྱང་འགན་བཅོལ་ཆད་རྗེས་སླར་ཡང་འགན་བཅོལ་ནང་ཞུགས་པར་སྒུག་ཡུན་བཟོ་བ་དང་འབྲེལ་ནད་ཆེན་འགན་བཅོལ་གྱི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས(འགན་བཅོལ་ཆད་ཐེངས་རེར་ལོར་སྒོར་4000གཅོག་པ)དམའ་རུ་གཏོང་རྒྱུ་དང་། འགན་དངུལ་མགོ་སྐོར་གཡོ་ལེན་བྱེད་པའི་བྱེད་སྤྱོད་ལ་གྲོང་མིའི་ནད་ཆེན་འགན་བཅོལ་གྱི་འགོ་སྤྲོད་ཚད་གཞི་མཐོ་རུ་གཏོང་རྒྱུ་རེད།

    ཡུལ་གཞན་དུ་སྨན་བཅོས་བྱེད་པའི་སྲིད་ཇུས་ཐད། རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་བཅོལ་ཐེབས་རྩའི་རིམ་རྩིས་ལྷག་འཕྲོ་ཟླ་6ལས་ཉུང་བ་ཡོད་ཚེ། ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་ཁང་སྒྱུར་བའམ་ཡང་ན་མྱུར་སྐྱོབ་འཕྲལ་སྐྱོབ་ཀྱི་སྨན་རིན་རྩིས་ཞུའི་བསྡུར་ཚད་5%གཅོག་པ་དང་། དོས་དྲག་ནད་གཞི་མིན་པ་མ་ཟད་སྨན་ཁང་སྒྱུར་མེད་པར་10%གཅོག་རྒྱུ་རེད།

    གཞན་ཡང་། བོད་ལྗོངས་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་ཤུགས་རྐྱེན་ཐེབས་པའི་དིང་རི་དང་། ལྷ་རྩེ། ས་སྐྱ། ས་དགའ། གཏིང་སྐྱེས། ངམ་རིང་། གམ་པ་སོགས་རྫོང་ཁག་7གྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་2025ལོའི་ཟླ་9པ་ཚུན་གྱི་ལོ་3ནང(2026ལོ་དང་། 2027ལོ། 2028ལོ)གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་གྲོན་དངུལ་འཇལ་བའི་ཆ་ཤས་ཚང་མ་སྨན་བཅོས་རོགས་སྐྱོབ་མ་དངུལ་ནས་རིམ་པ་མཐོ་ཤོས་གཞིར་བཟུང་ཚབ་འཇལ་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།