གཞིས་རྩེ་གྲོང་ཁྱེར་གྱི་ཆུ་ཚད་མཐོ་བའི་སྒོ་མོ་འབྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་པ།
གཞིས་རྩེ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁར་སྐྱོད་སྐབས། རྒྱུན་མཁོའི་བརྒྱ་ཟོག་བླུགས་པའི་སྐྱེལ་འདྲེན་རླངས་འཁོར་ཆེན་པོ་རེ་རེ་བཞིན་གཅིག་མཇུག་གཉིས་མཐུད་དུ་ཞིབ་བཤེར་བྱ་ཡུལ་དུ་འབྱོར་ནས“ཀྲུང་གོས་བཟོས་པའི”ཚོང་ཟོག་ནེ་པ་ལ་སོགས་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ལ་རྒྱུན་ཆད་མེད་པར་གཏོང་བཞིན་འདུག
རྒྱལ་ལམ་318རྒྱུད་དུ་གནས་པའི་སྤྱི་ལེ་5000ཡི་དྲན་གསོའི་ཐང་ཆེན་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོ་ཞིག་འཚང་ཁ་ཤིག་ཤིག་ངང་ཡོང་བཞིན་ཡོད། འདི་ལོ་ནས་བཟུང་། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གིས་རྒྱལ་སྤྱིའི་འགྲུལ་སྐྱེལ་མཁའ་ལམ་གསར་པ་གཉིས་བཏོད་པས། བོད་དུ་ཡུལ་སྐོར་ལ་ཡོང་མཁན“རྒྱལ་སྤྱིའི་འགྲུལ་རྒྱུན”མང་དུ་ཕྱིན་ཡོད།
ལེགས་རྩེ་འགག་སྒོའི་ཚོང་པས་ལུག་ཁྱུ་འདེད་དེ་འགག་སྒོ་བརྒྱུད་ནེ་པ་ལར་ཕྱིར་གཏོང་བྱེད་བཞིན་ཡོད། རྒྱལ་མཚམས་འཛུལ་སྒྲོལ་ཚོམས་ཆེན་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ཡུལ་མིའི་རྒྱུན་མི་ཆད་ཅིང་། དེ་གར་རྒྱ་སྐད་དང་། ནེ་པ་ལའི་སྐད། དབྱིན་སྐད། བོད་སྐད་བཅས་ཀྱི་ཐོག་ནས་གླེང་མོལ་འཁྲུག་པོ་བྱེད་བཞིན་མཆིས།
ཆ་སྙོམས་ས་བབ་སྨི་4000ལྷག་ཙམ་ཟིན་པའི་གཞིས་རྩེ་ནི་རྒྱ་གར་དང་། ནེ་པ་ལ། འབྲུག་ཡུལ་བཅས་རྒྱལ་ཁབ་གསུམ་དང་ས་སྦྲེལ་དུ་གནས་ཤིང་། བོད་རང་སྐྱོང་ལྗོངས་ལ་དངོས་སུ་འགག་སྒྲོལ་ཆོག་པའི་འགག་སྒོ་ལྔ་ཡོད་པ་ནས་འགག་སྒོ་གསུམ་གཞིས་རྩེར་ཡོད་པས། དམིགས་བསལ་གྱི་ས་བབ་ཀྱི་ལེགས་ཆ་ལས་གཞིས་རྩེའི་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཧ་ཅང་མངོན་གསལ་དོད།
འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལ་གཞིགས་ན། འདི་ལོའི་ལོ་སྟོད་དུ་བོད་རང་སྐྱོང་ལྗོངས་ཀྱི་དངོས་ཟོག་ཚོང་དོན་ཕྱིར་གཏོང་ནང་འདྲེན་བྱེད་ཚད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་43.4ཟིན་པ་དེ་དུས་མཚུངས་ལས་14.1%འཕར་ཞིང་། དེའི་ཁྲོད་གཞིས་རྩེའི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་རིན་ཐང་སྒོར་དུང་ཕྱུར་17.8ཟིན་ནས་49.8%འཕར་བ་དེས་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་རིན་ཐང་བསྡོམས་འབོར་གྱི་41%བཟུང་ཡོད།
གྲངས་གཞི་ལས། གཞིས་རྩེའི་ཆུ་ཚད་མཐོ་བའི་སྒོ་མོ“འབྱེད་ཤུགས”ཆེ་རུ་ཕྱིན་པ་མངོན་ཡོད།
གཞིས་རྩེའི་འགག་སྒོ་ལས་ཁུངས་ཀྱི་ཀོན་ཀྲང་གཞོན་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཕྱོགས་བསྡུས་རང་བཞིན་གྱི་ཟོག་འགྲུལ་ཞབས་ཞུའི་ལྟེ་གནས་ཤིག་ཡིན་པའི་གཞིས་རྩེའི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁར་འགྲིམ་འགྲུལ་གནས་ཡུལ་གྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད། ལྷ་གཞིས་ལྕགས་ལམ་འགྲུལ་སྐྱེལ་ས་ཚིགས་དང་། ཟོག་འདྲེན་ས་ཚིགས་གྲུ་ཁའི་ཁུལ་དུ་གནས་པ་མ་ཟད། གྲུ་ཁའི་ཁུལ་ནས་ཐོན་ཚེ་ཆུ་ཚོད་ཕྱེད་ཀ་ཙམ་ནང་གཞིས་རྩེའི་གནམ་ཐང་དུ་སླེབས་པ་དང་། ཆུ་ཚོད་གཉིས་དང་སྐར་མ་ལྔ་བཅུ་ཙམ་ལ་ལྷ་སར་སླེབས་ཐུབ་པ་མ་ཟད། དེ་བས་གཞུང་ལམ་དྲ་བའང་སྐྱིད་གྲོང་དང་། འགྲམ། ལེགས་རྩེ་སོགས་མཐའ་མཚམས་ཀྱི་འགག་སྒོ་གནས་ཡུལ་དུ་ཐད་ཀར་སླེབས་ཐུབ་ཀྱི་ཡོད།
བཀྲ་ཤིས་ཕུན་ཚོགས་ཀྱིས“སྲོལ་རྒྱུན་གྱི་མཚོ་ཐོག་སྐྱེལ་འདྲེན་ལ་མཚོན་ན། སྔོན་མ་ཉིང་པའོ་གྲུ་ཁ་ནས་ཨེ་ཤེ་ཡ་ལྷོ་མའི་བར་ལ་ཉིན་40ལྷག་ཙམ་འགོར་གྱི་ཡོད་མོད། ད་ཆ་གཞུང་ལམ་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་བྱས་པས། ཉིན་10ནས་15ཡི་བར་མ་གཏོགས་འགོར་གྱི་མེད། ཆ་སྙོམས་དོས་སྒམ་རེ་ནས་མ་གནས་སྒོར་2000ཙམ་གྲོན་ཆུང་ཐུབ་ཀྱི་ཡོད”ཅེས་གསར་འགོད་པར་རྩིས་རྒྱག་བཞིན་དུ་བཤད།
“བོད་ལྗོངས་ནི་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་ཕྱེ་བའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ཞིང་། གཞིས་རྩེ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ས་ཁོངས་ཀྱི་ཕྱི་ཕྱོགས་སྒོ་དབྱེ་དང་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ནས། བོད་ལྗོངས་འདི་ཉིད་སྤུས་ཚད་མཐོ་བའི‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་སྔར་བས་མཉམ་འདྲེས་བྱེད་པར་འདེགས་སྐྱོར་ཐུབ་ཡོད”ཅེས་གཞིས་རྩེ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ(དཔལ་འབྱོར་གསར་སྤེལ་ཁུལ)དོ་དམ་ཨུ་ལྷན་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ལི་ཧྲི་ཧྭ་ཡིས་བརྗོད།
རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཁྱབ་འགྱེད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཆེད། གཞིས་རྩེ་འགག་སྒོས་ཁྲལ་སྲུང་མཛོད་ཁང་འཛུགས་སྐྲུན་གང་མགྱོགས་བྱས་པའི་ཁར། “ལྟ་བཤེར་བྱ་ཡུལ་དང་ཁྲལ་སྲུང་མཛོད་ཁང་ཟུང་འབྲེལ”བརྒྱུད་རྒྱལ་མཚམས་སྒྲོལ་བའི་དྲ་ཚོང་སོགས་ཀྱི་ལས་རྣམ་གསར་པ་རྒྱ་སྐྱེད་བྱས་ཡོད། མི་རིང་བའི་གོང་། གཞིས་རྩེ་ཁྲེང་ཡིའུ་མཁོ་སྤྲོད་འཁོར་སྦྲེལ་དོ་དམ་ཚད་ཡོད་ཀུང་སིས་རྒྱལ་མཚམས་སྒྲོལ་བའི་དྲ་ཚོང་B2Bཐད་ཀར་ཕྱིར་གཏོང་བྱེད་སྟངས་བརྒྱུད། བརྒྱ་ཟོག་ཁག་གཅིག་བདེ་བླག་ངང་ཕྱིར་གཏོང་ཐུབ་པ་ལས། གཞིས་རྩེའི་འགག་སྒོ་ཁོངས་གཏོགས་ཁུལ་གྱི་ཁེ་ལས་རྒྱལ་མཚམས་བསྒྲལ་ནས་དྲ་ཚོང་ལས་སྒོ་གཉེར་བར་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ་མངོན་ཡོད།
གཞིས་རྩེའི་སྒོ་འབྱེད་ལ་རིམ་སྤོར་བྱུང་བ་དེས་བོད་ཀྱི་ལྷོ་ནུབ་རྒྱུད་ཀྱི་དཔལ་འབྱོར་གྱི་མི་མངོན་པའི་སྟོབས་ཤུགས་ལ་སྐུལ་སྤེལ་ཐུབ་པ་དང་ཆབས་ཅིག མཐའ་མཚམས་ཀྱི་ཡུལ་སྐོར་ལས་རིགས་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་མའང་ཐེབས་ཡོད།
ཨ་རིའི་ཉིའུ་གཡོད་ནས་ཡོང་བའི་རྒྱབ་ཁུར་ཡུལ་སྐོར་བ་པེ་ཏེ·ཧྥུ་ལའེ་ཧྲེ་དང་འཕྲད་སྐབས། ཁོང་རང་ཉིད་ཀྱི་བཟའ་ཟླ་དང་མཉམ་དུ་ཇོ་མོ་གླང་མར་སྐྱོད་པའི་ལམ་བར་དུ་ངལ་གསོས་ནས་བསྡད་འདུག ཁོང་གིས“ང་ཚོ་རྐང་ཐང་དང་རི་འཛེག་སོགས་ཕྱི་རོལ་གྱི་ལུས་རྩལ་ལ་ཧ་ཅང་དགའ་པོ་ཡོད། སྔ་ས་ནས་བོད་དུ་ཡུལ་སྐོར་ལ་འགྲོ་འདོད་ཆེན་པོ་བྱུང་། ད་ཐེངས་ཀྲུང་གོར་ལས་ཀ་བྱེད་པར་ཡོང་བའི་སྐབས་དང་བསྟུན་ནས། ང་ཚོས་ཆེད་མངགས་ཉིན་བདུན་གྱི་ཁོམ་པ་བཙལ་ཏེ། ཧྲང་ཧའེ་ནས་གནམ་གྲུར་བསྡད་དེ་བོད་དུ་ཡུལ་སྐོར་ལ་ཡོང་བ་ཡིན”ཞེས་བཤད།
ཧྥུ་ལའེ་ཧྲེ་ཡིས་གདམ་ག་དེ་འདྲ་བྱས་པར་ཧང་སངས་དགོས་དོན་མེད་དེ། བཅར་འདྲི་བྱེད་པའི་ལམ་བར་ནས་གསར་འགོད་པས་ཡུལ་སྐོར་ཚོགས་པ་དང་མཉམ་དུ་འོང་བའི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཉུང་བས་མིག་ལ་ཉི་ཤེལ་བཏགས་པ་དང་སྒལ་པར་རི་འཛེག་ཁུག་མ་ཆེན་པོ་རེ་ཁྱེར་ཏེ་ས་མཐོའི་ཐུན་མོང་མིན་པའི་མཛེས་ལྗོངས་ལ་མྱོང་རོལ་བྱེད་བཞིན་པ་མཐོང་བྱུང་།
ལྷ་གཞིས་ལྕགས་ལམ་དུ་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ཤར་གཏོང་ཐུབ་པ་དང་། ལྷ་གཞིས་རིམ་མཐོའི་གཞུང་ལམ་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་པ། དེ་བཞིན“ཧྲང་ཧའེ་ནས་གཞིས་རྩེ་བར་དང་དེ་ནས་ཀ་ཏ་མན་རྡུ་བར”གྱི་རྒྱལ་མཚམས་སྒྲོལ་བའི་ཡུལ་སྐོར་དང་མཐའ་མཚམས་ཉོ་སྒྲུབ་ཡུལ་སྐོར་སོགས་ཡུལ་སྐོར་ཐོན་རྫས་བཏོན་པ་དང་ཆབས་ཅིག ཚོང་དོན་འཁོར་རྒྱུག་དང་མི་སྣ་འགྲོ་འོང་དེ་བས་སྟབས་བདེ་རུ་སོང་ནས། གཞིས་རྩེའི་སྐད་གྲགས་ཆོད་ཚད་ཀྱང་ཉིན་བཞིན་ཆེ་རུ་སོང་ཡོད།
གྲངས་གཞི་ལས་མངོན་པར་གཞིགས་ན། ད་ལོའི་ལོ་སྟོད་དུ། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3128.48ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་11.67%འཕར་ཞིང་། དེའི་ཁྲོད་རྒྱལ་ཁོངས་སུ་ཡོང་བའི་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་31.2%ཟིན་པ་དང་རྒྱལ་སྤྱིའི་ཡུལ་སྐོར་ཡོང་འབབ་35.3%འཕར་ཡོད།
སྒོ་མོ་འབྱེད་རྒྱ་ཇི་ཙམ་ཆེ་རུ་སོང་བ་དེ་ཙམ་གྱིས་འཕེལ་རྒྱས་ཀྱི་བར་མཐོངས་ཆེ་རུ་འགྲོ་ངེས། སྒོ་དབྱེའི་ལས་སྟེགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བ་དང་། རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་སྐྲུན་མགྱོགས་སུ་ཕྱིན་པ། འགག་སྒོའི་དཔལ་འབྱོར་རྒྱུན་མཐུད་ངང་སྟོབས་ཆེར་སོང་བ། ཕྱི་ཕྱོགས་སྤེལ་རེས་རྒྱ་བསྐྱེད་དེ་ཟབ་ཏུ་ཕྱིན་པ་སོགས། བོད་ཀྱི་ས་གཞི་ཆེན་པོའི་རི་བོ་དང་། ཆུ་བོ། མཚོ་མོ། གཞུང་ལམ་སོགས་ཕན་ཚུན་གཅིག་ལ་གཅིག་འབྲེལ་གྱི་འཕེལ་རྒྱས་བྱུང་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་དང་སྣོན་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།