བོད་ཤར་མུ་ཏིག་བཀྲག་མདངས་ཆེ། རིག་གནས་སྟོན་མོ་འཁྲུག་ཆ་དོད།
ཆབ་མདོ་གྲོང་ཁྱེར་གྱི་དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན་བྱེད་སྒོའི་རིགས་གཞུང་དང་སྲིད་ཇུས་སྒྲོག་འགྲེལ་འགྲན་བསྡུར་གྱི་མཐོང་ཐོས།
སྒྲོག་འགྲེལ་འགྲན་བསྡུར་ནང་བྱ་དགའ་ཐོབ་པའི་བདམས་ཐོན་པ།
ཕྱོགས་མཐའ་མེད་པར་རྩྭ་རྩི་ཤིང་གི་གཡུ་ལོ་ཐགས་སུ་བཀྲ་ཞིང་། མུ་མེད་ཞིང་ཐང་གི་ཕང་བར་ལོ་ཡག་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བའི་དབྱར་གཞུང་འདིའི་ཞོགས་པ་སྔ་པོ་ཞིག་ལ། ཁོ་བོ་དང་བཅས་པ་དཔྱད་འདེམས་པའི་མིང་ཐོག་ནས་གོང་དཀར་གནམ་ཐང་ནས་གནམ་གྲུར་བསྡད་དེ། ཆབ་མདོ་གྲོང་ཁྱེར་དུ་རིགས་གཞུང་དང་སྲིད་ཇུས་སྒྲོག་འགྲེལ་འགྲན་བསྡུར་བྱེད་སྒོར་ཞུགས་པའི་ལམ་དུ་ཆས། ཞོགས་པ་ལངས་སྔ་བས་གནམ་གྲུའི་ནང་གཉིད་ཡུད་ཙམ་ཁུག་དགོས་སྙམ་ཡང་སྡོད་ས་གནམ་གྲུའི་སྒེའུ་ཁུང་འགྲམ་དུ་འཁེལ་བས། ཕྱི་རོལ་གྱི་ལྟ་བས་མི་ངོམ་པའི་མཛེས་པ་ནི་གཟུགས་ཀྱི་འདོད་ཡོན་གནམ་སའི་བར་ལ་བཤམས་པ་ཇི་བཞིན་ནོ།
“ལྷ་བྱ་དཀར་པོ”ཨ་སྔོན་དབྱིངས་སུ་འཕུར་སྐབས། སྒེའུ་ཁུང་ཕྱི་རོལ་དུ་ལང་མ་ལིང་དུ་རྒྱུ་བའི་སྤྲིན་དཀར་ཚོམ་བུ་དག་ནི་སྲིང་བལ་ལྟར་དཀར་ཞིང་། རྦ་རླབས་བཞིན་འཕྱོ། རྣམ་ཀུན་རྩེ་མོ་དགུང་ལ་རེག་འདྲའི་རི་བོའི་ཚོགས་ཀྱང་སྤྲིན་དཀར་ཚོམ་བུ་རེ་རེ་མཁའ་རུ་འདེགས་པའི་ཀ་བ་ལྟར་དུ་སྣང་། དམིགས་སར་སླེབས་ལ་ཉེ་བའི་དུས་སུ་གནམ་གྲུ་འཕུར་བའི་མཐོ་ཚད་རིམ་གྱིས་དམའ་རུ་སོང་བ་དང་བསྟུན་ནས། གནམ་གྲུའི་སྒེའུ་ཁུང་ནས་ཕྱི་རོལ་དུ་མིག་ཟུང་འཕེན་དུས་ས་མཐོའི་ཁྱད་དུ་འཕགས་པའི་ངོ་མཚར་ཡུལ་ལྗོངས་ཀྱིས་ཁོ་བོའི་ཡིད་སེམས་རབ་ཏུ་འཕྲོག གནམ་གྲུ་དལ་བུར་ཆབ་མདོ་སྤང་མདའ་གནམ་ཐང་དུ་བབ་དུས། འདྲེན་བྱེད་ལམ་དུ་ཆབ་མདོའི་རི་ཀླུང་ཀུན་ཇེ་གསལ་དུ་གྱུར་ཞིང་། ཆུ་བོ་གཉིས་ཀྱི་བར་དུ་ཆགས་པའི་ཡུལ་ལུང་འདིས་ངོ་མཚར་མ་ལུས་ཅི་དགར་བཤམས་ནས་ཐག་རིང་གི་མགྲོན་པོར་རང་ཉིད་ཀྱི་འཕེལ་རྒྱས་གཏམ་རྒྱུད་གླེང་བ་ལྟར་དུ་སྣང་།
ཆབ་མདོ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཤར་རྒྱུད་དུ་ཆགས་པ་དང་། ཁ་རྒྱུན་དུ“ཆབ་མདོ་ནོར་བུའི་ས་ཆ”ཞེས་སུ་གྲགས་ཤིང་། སི་ཁྲོན་ཞིང་ཆེན་དང་། ཡུན་ནན་ཞིང་ཆེན། མཚོ་སྔོན་ཞིང་ཆེན་བཅས་དང་ས་མཚམས་འབྲེལ་ཡོད། དེ་གར་འབྲི་ཆུ་དང་། ཟླ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་ཆུ་བོ་ཆེན་པོ་གསུམ་བྱང་ནས་ལྷོར་འབབ་བཞིན་ཡོད། ཁོངས་གཏོགས་སུ་རྫོང་ཁག་11ཡོད་པའི་ཆབ་མདོ་ནི་བོད་ཀྱི་ལོ་རྒྱུས་ཐོག་སྐར་ལྔའི་དར་དམར་ཐེངས་དང་པོ་བསྒྲེངས་ས་ཡིན་པ་དང་། དེ་གར་བོད་ཀྱི་ཏང་རྩ་འཛུགས་དང་པོ་དང་། དེང་རབས་ཅན་གྱི་སློབ་གྲྭ་དང་པོ། སྨན་ཁང་དང་པོ། སྦྲག་སྲིད་ཁང་དང་པོ་སོགས་བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་མདུན་ནས་མདུན་དུ་བཞུར་བའི་དཔང་རྟགས་མང་པོ་ཞིག་མཆིས།
ཤེས་རྟོགས་བྱུང་བར་གཞིགས་ན། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་རིམ་སྤེལ་བྱེད་སྒོ་ནི་ཆབ་མདོ་གྲོང་ཁྱེར་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པ་དང་། བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་དང་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལག་ལེན་གལ་ཆེན་ཞིག་ཡིན་ཞིང་། བྱེད་སྒོ་དེ་2024ལོའི་ཟླ་12ནས་འགོ་ཚུགས་པ་དང་། ད་ལོའི་ལོ་ཧྲིལ་པོར་སྤེལ་རྒྱུ་ཡིན་ཞིང་། ཁྱོན་བསྡོམས་རྣམ་གྲངས་ཁག་33ཙམ་ཡོད་པ་རེད། ད་ཐེངས་ཁོ་བོ་དང་བཅས་པ་དཔྱད་འདེམས་ལ་ཞུགས་པའི་རིགས་གཞུང་དང་སྲིད་ཇུས་སྒྲོག་འགྲེལ་འགྲན་བསྡུར་ནི“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་བྱེད་སྒོ་སྐབས་དང་པོའི་རྣམ་གྲངས་གྲས་ཤིག་རེད།
བྱེད་སྒོ་དེ་ནི་ཀྲུང་གུང་ཆབ་མདོ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཆབ་མདོ་གྲོང་ཁྱེར“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”བྱེད་སྒོའི་གཞུང་དོན་ཁང་དང་གྲོང་ཨུད་དྲིལ་བསྒྲགས་པུས་གཉེར་འགན་འཁུར་བ་ཞིག་རེད། “ཐེངས་འདིའི་འགྲན་བསྡུར་གྱི་དམིགས་ཡུལ་གཙོ་བོ་ནི་འགྲན་བསྡུར་ལ་བརྟེན་ནས་སྲིད་ཇུས་སྒྲོག་འགྲེལ་ལ་ཤུགས་སྣོན་བརྒྱབ་སྟེ། གཞི་རིམ་གྱི་གསོན་ཤུགས་འཕེལ་བ་དང་གཞི་རིམ་གྱི་སྟོབས་ཤུགས་རྒྱས་པར་བྱེད་པ་དང་ཆབས་ཅིག གཞི་རིམ་གྱི་ཤེས་ལྡན་པའི་གྲབས་གསོག་མཛོད་ཟམ་མི་ཆད་པར་རྒྱ་སྐྱེད་དུ་གཏོང་ཆེད་རེད”ཅེས་གྲོང་ཨུད་དྲིལ་བསྒྲགས་པུའི་རིམ་པ་གསུམ་པའི་བརྟག་ཞིབ་པ་བློ་བཟང་ཚེ་རིང་གིས་བརྗོད།
ཚེས་18ཉིན། ཆབ་མདོ་གྲོང་ཁྱེར་རྒན་གསོའི་བྱེད་སྒོ་ལྟེ་གནས་སུ་འཁྲུག་ཆ་ཧ་ཅང་དོད། དེ་གར་རྫོང་ཁག་11ནས་ཡོང་བའི་སྒྲོག་འགྲེལ་པ་32འཛོམས་ཤིང་། ཁོང་ཚོ་ནི་གྲོང་ཚོ་དང་། ཤང་། རྫོང་བཅས་ནས་གོམ་པ་རིམ་བགྲོད་ཀྱིས་འགྲན་བསྡུར་བྱས་རྗེས་ཐེངས་འདིའི་མཐའ་མའི་འགྲན་བསྡུར་ལ་ཚུད་པ་ཤ་སྟག་ཡིན་པ་དང་། ཁོང་ཚོའི་ཁྲོད་དུ་ལོ་ལྔ་བཅུ་དྲུག་ཅུར་སླེབས་པའི་གྲོང་ཚོའི་ཧྲུའུ་ཅི་ཡོད་ལ། ལོ་ཉི་ཤུ་སུམ་ཅུར་སླེབས་ཙམ་གྱི་ན་གཞོན་དང་། དེ་བཞིན་དགོན་སྡེའི་གྲྭ་བཙུན་གྱི་འཐུས་མི་ཡང་ཡོད། དེ་ཉིན་འགྲན་བསྡུར་ཚ་ཚ་འུར་འུར་བྱས་པ་བརྒྱུད། མཐར་འགྲན་ཞུགས་པ་32ཁྲོད་ནས་ཕུལ་བྱུང་སྒྲོག་འགྲེལ་པ་11བདམས་པ་རེད།
ཚེས་19ཡི་སྔ་དྲོའི་ཆུ་ཚོད་10པར། སྐད་གསང་མཐོན་པོའི་གཏམ་བཤད་ཀྱི་སྒྲའི་ཁྲོད་དུ་རྫོང་དང་ཆུས་11ནས་ཡོང་བའི་བདམས་ཐོན་པ་11ཀྱིས་སྔ་རྗེས་སུ་སྒྲོག་འགྲེལ་བྱས་ཤིང་། ཁོང་ཚོས་གསར་བརྗེའི་གཏམ་རྒྱུད་དང་། མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་རྒྱས་སོགས་བརྗོད་དོན་གཙོ་བོར་དམིགས་ནས་བརྩེ་སེམས་ཟབ་མོས་སྒྲོག་འགྲེལ་བྱས་ཤིང་། གསོན་ཉམས་དོད་པའི་དཔེ་མཚོན་དྲངས་ནས་འབད་འཐབ་ཀྱི་གཏམ་རྒྱུད་བརྗོད་དེ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི་ཆོད་སེམས་བརྟན་པོ་ལས། ཐལ་མོའི་རྡེབ་སྒྲ་དང་། བསྟོད་པའི་འུར་སྒྲས་ཚོགས་ཁང་འུར་ཐིང་ངེར་གྱུར།
ཆུ་ཚོད་གཉིས་ལྷག་ཙམ་རིང་ཛ་དྲག་གི་འགྲན་བསྡུར་བྱས་པ་དང་། དཔྱད་འདེམས་པ་ཚོས་འགྲན་ཞུགས་པའི་གཏམ་བཤད་ཀྱི་ནང་དོན་དང་། སྐད་ཆའི་སྒྱུ་རྩལ། ལུས་ཀྱི་ཉམས་འགྱུར་སོགས་ཕྱོགས་མང་པོར་གཞིགས་ནས། དྲང་གཞག་གི་སྐར་མ་བརྒྱབ་པ་བརྒྱུད། མཐར་བྲག་གཡབ་རྫོང་གི་བདམས་ཐོན་པ་བློ་བཟང་བསམ་གཏན་ལ་ཨང་དང་པོ་དང་། རི་བོ་ཆེ་རྫོང་གི་བདམས་ཐོན་པ་བསོད་ནམས་རྒྱ་མཚོར་ཨང་གཉིས་པ། ཁ་རུབ་ཆུས་ཀྱི་བདམས་ཐོན་པ་ངག་དབང་སྐལ་བཟང་ལ་ཨང་གསུམ་པ་བཅས་ཐོབ་པ་རེད། གཞན་ཡང་བྱེད་སྒོ་དེ་དྲ་ཐོག་ནས་ཐད་གཏོང་བྱས་པར་ཁྱོན་ལྟད་མོ་བ་ཁྲི་6ལྷག་ཙམ་གྱི་ཡིད་དབང་བཀུག་པ་རེད།
རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱི་དེ་སྔའི་དྲུང་ཆེ་བཀྲ་དོན་གྱིས“བྱེད་སྒོར་ཞུགས་མཁན་གྱི་བདམས་ཐོན་པ་དག་ནི་གཞི་རིམ་ནས་ཡོང་བའི་ཞིང་འབྲོག་པ་དང་གྲྭ་བཙུན་སོགས་ཡིན་པ་དང་། ཞུགས་མཁན་མང་ལ་ཁྱབ་རྒྱ་ཧ་ཅང་ཆེན་པོ་འདུག སྒྲོག་འགྲེལ་གྱི་ནང་དོན་ཚང་མ་གཞི་རིམ་མང་ཚོགས་ཀྱི་དངོས་ཡོད་འཚོ་བ་དངོས་དཔྱད་གཞི་བྱས་ནས་བྲིས་པ་མ་ཟད། ཚང་མར་དར་རྒྱས་ཡར་བརྩོན་དང་མ་འོངས་ཀྱི་འཚོ་བར་བཅངས་པའི་རེ་བས་ཁེངས་འདུག”ཅེས་བརྗོད།
བྲག་གཡབ་རྫོང་གི་བདམས་ཐོན་པ་བློ་བཟང་བསམ་གཏན་གྱིས་འགོ་བརྗོད་དུ《དམར་མདངས་ཆབ་མདོ་ནི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་ཚོན་མདོག་རེད》ཅེས་པའི་སྒྲོག་འགྲེལ་བྱས་པར་ཨང་དང་པོ་ཐོབ་ཅིང་། ཁོང་གིས“ད་ཐེངས་ཨང་དང་པོ་ཐོབ་པ་ནི་གཟི་བརྗིད་ཅིག་རེད་ལ་འགན་འཁྲི་དེ་བས་རེད། སླད་ཕྱིན་ངས་བབ་ཆགས་པའི་སྐད་ཆ་དང་གསོན་ཉམས་དོད་པའི་གཏམ་རྒྱུད་ལ་བརྟེན་ནས་ཏང་གི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་མི་སེར་ཚོར་གསལ་པོར་ཤོད་ཀྱི་ཡིན”ཞེས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།
བྱེད་སྒོ་མཇུག་འགྲིལ་རྗེས། ཁོ་བོ་དང་བཅས་པ་ཆབ་མདོའི་ཇ་རྟ་ཐང་ཆེན་དང་རྫ་ཆུ་དང་ངོམས་ཆུའི་ངོགས་ཀྱི་མཚན་ལྗོངས། དེ་བཞིན་ཨོ་རོང་གི་མཚན་ཁྲོམ་སོགས་ལ་ལྟ་བར་ཕྱིན་པས། གནས་དེ་གའི་ཁོ་ར་ཁོར་ཡུག་གི་ལྟ་བས་མི་ངོམ་པའི་མཛེས་ལྗོངས་ཀྱིས་ཁོ་བོའི་ཡིད་སེམས་དབང་མེད་དུ་འཕྲོག་བྱུང་། ལྷག་དོན་དུ་ཇ་རྟའི་ཐང་ཆེན་དུ་འགྲེམས་སྟོན་བྱས་པའི་པར་རིས་ལ་བལྟས་པ་ལས་ཁོ་བོས་སུམ་རྩེན་གནས་ལ་སྐྱེངས་པ་སྟེར་བར་བྱེད་པའི་ཆབ་མདོའི་ངོ་མཚར་མཛེས་ལྗོངས་དང་། རང་བྱུང་ཁམས་སུ་ཅི་དགར་རྒྱུ་བའི་རི་དྭགས། པིར་རྩལ་མཁན་པོའི་སོར་རྩེ་ལས་འཁྲུངས་པའི་ཐང་ག་དང་ཡིག་གཟུགས། དེ་བཞིན་དཀའ་སྤྱད་ལས་ལ་གཞོལ་བའི་ཞིང་འབྲོག་མང་ཚོགས་སོགས་མཐོང་བ་དང་སྦྲགས་ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཡི་རངས་ཚད་མེད་སྐྱེས་བྱུང་།
བོད་ཤར་མུ་ཏིག་བཀྲག་མདངས་ཆེ། རིག་གནས་སྟོན་མོ་འཁྲུག་ཆ་དོད། “དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་བྱེད་སྒོའི་ཤུགས་རྐྱེན་འོག འབྱུང་འགྱུར་ཆབ་མདོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་སྔར་བས་མགྱོགས་སུ་འགྲོ་ངེས་རེད།
འབྲེལ་ཡོད་གསར་འགྱུར།