རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་ཚུལ་དང་འཕེལ་རྒྱས་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།
ཟླ་7ཚེས་31ཉིན།“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅོ་ལྔ་པ་འཚོགས་ཏེ། སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་ཚུལ་དང་འཕེལ་རྒྱས་གྲུབ་འབྲས་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། གསར་འགྱུར་མགྲིན་ཚབ་པས་ངོ་སྤྲོད་བྱས་པར་གཞིགས་ན། ལོ་ངོ་60ཡི་རིང་། བོད་ལྗོངས་སྲིད་གྲོས་ཀྱིས་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། དམངས་གཙོའི་བཅོས་སྒྱུར་དང་། རང་སྐྱོང་ལྗོངས་དབུ་བརྙེས་པ། སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་སོགས་ལོ་རྒྱུས་ཀྱི་དུས་སྐབས་ཁག་གི་རླབས་ཆེན་བྱ་གཞག་ལ་ཐུན་མོང་ཐོག་རྩེ་གཅིག་ཏུ་གཞོལ་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ཏེ་ནུས་པ་ཧ་ཅང་གལ་ཆེན་བཏོན་པ་དང་ཆབས་ཅིག ལོ་རྒྱུས་དང་དུས་རབས་ལ་ངོ་གནོངས་མི་དགོས་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཀྱང་བཏོད་ཡོད།
ལོ་ངོ་60ཡི་རིང་། བོད་ལྗོངས་སྲིད་གྲོས་ཀྱིས་རང་རྟོགས་ངང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་སྲིད་གྲོས་ཀྱི་ལས་དོན་ཚང་མར་ཁྱབ་པར་བྱས་ཐོག་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་ཆབ་སྲིད་ཀྱི་ལྟེ་བ་བརྟན་སྲུང་བྱས་ནས། སྲིད་གྲོས་ཀྱི་ལས་དོན་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་བརྒྱུད་མདུན་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད། ཏང་གི་འགོ་ཁྲིད་རང་རྟོགས་ངང་སྲིད་གྲོས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཚང་མར་དོན་འཁྱོལ་བྱས་ཐོག་ལོ་རྒྱུས་ཀྱི་དུས་སྐབས་ཁག་རིང་ཏང་ཕྱིའི་མི་སྣ་འབོར་ཆེན་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་དང་བློ་སེམས་གཅིག་མཐུན་དང་གཅིག་སེམས་གཅིག་གཏད་བྱས་པ་དང་ཆབས་ཅིག ལས་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས། ཏང་གིས་བོད་དུ་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་དང་སྤྱི་ཚོགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད།
ལོ་ངོ་60ཡི་རིང་། བོད་ལྗོངས་སྲིད་གྲོས་ཀྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཐོག་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གནད་འཁེལ་ཐབས་ཇུས་ཧུར་ཐག་བཏོན་ནས། སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་མཚམས་བཅོས་སྐྱོང་དང་བོད་བརྟན་ལྷིང་ཡོང་བའི་ཕན་ནུས་སུ་བསྒྱུར་ཡོད། སྲིད་གྲོས་ཀྱི་ལས་དོན་དེ་རང་རྟོགས་ངང་ལྗོངས་ཡོངས་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་འཆར་འགོད་བྱས་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྲིད་ཇུས་གལ་ཆེན་བཟོ་བ་དང་འཐབ་ཇུས་གལ་ཆེན་ལག་ལེན་བསྟར་བར་དམིགས་ནས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་སྒྲིག་འཛུགས་ཀྱིས“ལོ་ལྔའི་འཆར་འགོད”བཟོ་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་། གཙོ་གནད་རྣམ་གྲངས་ལག་བསྟར་སོགས་ལ་ཐབས་འདོན་ཇུས་འབུལ་དང་། ཁྲོན་བོད་བགྲོད་ལམ་ཆེན་པོ་དང་ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན་སོགས་ལ་ཐབས་འདོན་ཧུར་ཐག བོད་ཀྱི་གཙོ་ཆེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན། གྲོང་གསེབ་དར་རྒྱས་སོགས་ལ་ཐབས་འདོན་ནུས་འདོན་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་ཐབས་ཇུས་བཏོན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་རམ་འདེགས་བྱས་ཤིང་། གྲོས་མོལ་གྱི་གྲུབ་འབྲས་འབོར་ཆེན་ཞིག་ཏང་སྲིད་ཀྱི་ཐབས་ཇུས་སུ་གྱུར་ཡོད་པ་རེད།
ལོ་ངོ་60ཡི་རིང་། བོད་ལྗོངས་སྲིད་གྲོས་ཀྱིས་སྒྱུར་བཅོས་ཀྱི་བསམ་ཕྱོགས་དང་། གསར་གཏོད་ཀྱི་འདུ་ཤེས། དངོས་སྒྲུབ་ཀྱི་བྱེད་ཐབས་བཅས་ལ་བརྟེན་ནས་རང་ངོས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཁོང་དུ་ཆུད་ནུས་དང་། བརྟག་དཔྱད་ཞིབ་འཇུག་བྱེད་ནུས། མང་ཚོགས་དང་འབྲེལ་གཏུག་བྱེད་ནུས། མཉམ་ལས་མཉམ་སྒྲུབ་བྱེད་ནུས་བཅས་ཆེ་རུ་ཧུར་ཐག་བཏང་ཡོད། རང་སྐྱོང་ལྗོངས་སྲིད་གཞུང་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་གཙོ་གནད་གྲོས་གཞིར་སྒྲུབ་སྐུལ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆེད་དོན་ཨུ་ལྷན་གྱིས་གཙོ་གནད་གྲོས་གཞིར་སྒྲུབ་སྐུལ་བྱེད་པའི་ལས་དོན་སྒྲུབ་སྟངས་འཚོལ་ཞིབ་གསར་གཏོད་བྱས་ཐོག་གཙོ་གནད་གྲོས་གཞིར་ཀྲུའུ་ཞིས་སྣེ་ཁྲིད་དེ་སྒྲུབ་སྐུལ་བྱེད་པ་དང་། གླེང་མང་བའི་གྲོས་གཞིར“ཕྱོགས་གསུམ”གྱིས་གྲོས་མོལ་བྱས་ནས་མཉམ་སྒྲུབ་བྱེད་པ། དམངས་འཚོའི་གྲོས་གཞིར་ས་གནས་ས་ཐོག་ཏུ་སྒྲུབ་སྐུལ་བྱེད་པ་སོགས་བྱེད་ཐབས་བརྒྱུད་ཨུ་ཡོན་ཚོས་བཏོན་པའི་ཐབས་ཇུས་ལ་དམངས་འཚོའི་དྲོད་ཚད་སྔར་བས་ཆེན་པོ་ལྡན་པ་དང་། སྲིད་གྲོས་ཀྱིས་བསྒྲུབས་པའི་འགན་འཁྲིར་དམངས་འཚོའི་གཏིང་ཚད་སྔར་བས་ཟབ་མོ་ལྡན་པ། གྲོས་མོལ་བྱེད་རྒྱ་རྒྱུན་ཆད་མེད་པར་གཞི་རིམ་དུ་སྲིང་བ་བཅས་བྱས་པས། བོད་སྐྱོང་བོད་བརྟན་བོད་དར་བཅས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་དགེ་མཚན་ལྡན་པའི་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།