དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་གྲོལ་འཐུས་མཆན་འགོད་རིམ་སྟབས་བདེ་རུ་དང་གྲངས་འཛིན་ཞབས་འདེགས་ཞུ་སྟངས་ལེགས་སུ་བཏང་བ།

    ཡོ་རོབ་རྒྱལ་ཁབ་ཀྱིས་ཀྲུང་གོའི་ཡུལ་སྐོར་བའི་ཡིད་དབང་འགུག་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཡན་ཧོན།   |     སྤེལ་དུས།  2025-08-02

    ད་ལོའི་དབྱར་ཁར་ཀྲུང་གོའི་ཡུལ་སྐོར་བ་མང་པོ་ཞིག་སི་ཕེན་གྱི་མ་ཏེ་རིར་ཡུལ་སྐོར་ལ་སྐྱོད་ཅིང་། འདི་ནི་ཉེ་ཆར་ཀྲུང་གོའི་ཡུལ་སྐོར་བས་མ་ཏེ་རིའི་མཚོན་རྟགས་རང་བཞིན་གྱི་འཇིམ་བརྐོས་དོམ་དང་ཤིང་སྡོང་ཞེས་པའི་མདུན་དུ་པར་རྒྱག་བཞིན་པ།

    སྐད་གྲགས་ཤིན་ཏུ་ཆེ་བའི་མཚོ་ཟས་དང་ཀྲོ་མ་ཀྲུའི་དུས་ཆེན་དང་། སྒྱུ་རྩལ་གྱི་ཉམས་འགྱུར་ལྡན་པའི་ལོ་རྒྱུས་ཀྱི་སྐྲུན་དངོས་དང་དར་གོས་རྟེན་མཛོད་ཁང་། སི་ཕེན་གྱི་ཝ་ལུན་ཞི་ཡའི་ཐུན་མོང་མ་ཡིན་པའི་རིག་གནས་དང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་བཅས་གོ་ལ་ཧྲིལ་པོར་སྐད་གྲགས་ཆོད་ཡོད། མིག་སྔར་ཝ་ལུན་ཞི་ཡའི་ཟ་ཁང་དང་ཚོང་ཁང་མང་པོའི་ནང་རྒྱ་ཡིག་གི་དགའ་བསུ་ཞུ་ཞེས་པའི་འཕྲེད་འགེལ་སྦྱར་ཡིག་དང་། དེ་བཞིན་འཕྲིན་ཕྲན་དང་གཏོང་སྤྲོད་འབོའི་དངུལ་སྤྲོད་ཨང་རྟགས་སྦྱར་ནས་ཀྲུང་གོའི་ཡུལ་སྐོར་བ་མང་པོ་ཞིག་ལ་བསུ་བ་ཞུ་བཞིན་ཡོད་པ་རེད། ཝ་ལུན་ཞི་ཡ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྨི་ཀེར·ཨན་ཀེར་གྱིས། སི་ཕེན་སོགས་ཡོ་རོབ་རྒྱལ་ཁབ་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་ཀྲུང་གོའི་ཁྲོམ་རར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། “ང་ཚོས་ཀྲུང་གོའི་སྤྱི་ཚོགས་འབྲེལ་བའི་སྟེགས་བུ་ཚང་མའི་ཐོག་གཞུང་ཕྱོགས་ཀྱི་ཐོ་ཁོངས་བཀོད་དེ། ཡུལ་སྐོར་ཐོན་ཁུངས་ཁྱབ་གདལ་བཏང་བ་དང་ཆབས་ཅིག་ཀྲུང་གོའི་ཡུལ་སྐོར་བའི་དགོས་མཁོ་ཤེས་རྟོགས་ཀྱང་བྱེད་ཀྱི་ཡོད”ཅེས་གསར་འགོད་པར་བརྗོད།

    ཡོ་རོབ་ཡུལ་སྐོར་ཨུ་ལྷན་དང་ཡོ་རོབ་ལྕགས་ལམ་ཀུང་སིས་ཁྱབ་བསྒྲགས་བྱས་པའི་འདི་ལོའི་ཟླ་5པ་ནས་8པ་བར་གྱི་ཐག་རིང་ཡུལ་སྐོར་གྱི་གནས་ཚུལ་གསལ་འགོད་རེའུ་མིག་ལ་གཞིགས་ན། ད་ལོའི་དབྱར་ཁར་གོ་ལ་ཧྲིལ་པོའི་ཡུལ་སྐོར་བ་ཡོ་རོབ་ཏུ་ཡུལ་སྐོར་ལ་སྐྱོད་འདོད་ཆུང་དུ་ཕྱིན་མོད། འོན་ཀྱང་ཀྲུང་གོའི་ཁྲོམ་ར་ནས་འཕེལ་ཤུགས་ཆེ་བའི་རྣམ་པ་མངོན་གྱི་ཡོད། ཀྲུང་གོའི་རྒྱལ་སྒྲོལ་ཡུལ་སྐོར་ལ་འགྲོ་རྩིས་ཡོད་པའི་ཡུལ་སྐོར་བར་བཅར་འདྲི་བྱས་པའི་ཁྲོད་ནས་མི་72%ད་ལོའི་དབྱར་ཁར་ཡོ་རོབ་ཏུ་ཡུལ་སྐོར་ལ་འགྲོ་རྩིས་ཡོད་པ་དེ་དུས་མཚུངས་ལས་10%འཕར་ཡོད། ཀྲུང་གོའི་ཡུལ་སྐོར་བ་ཚོ་ཡོ་རོབ་ཀྱི་ཡུལ་སྐོར་ཁྲོམ་རར་འདེགས་སྐྱོར་བྱེད་མཁན་གྱི་སྟོབས་ཤུགས་གལ་ཆེན་གྲས་ཤིག་ཏུ་གྱུར་ཡོད།

    མིག་སྔར། ཀྲུང་གོ་དང་ཡོ་རོབ་དབར་ཐད་གཏོང་དུས་གཏན་གནམ་གྲུའི་གྲངས་འབོར་མུ་མཐུད་སླར་གསོ་བྱེད་པ་སྟེ། ཀྲུང་གོ་དང་ཧྥ་རན་སེ་དང་། འཇར་མན། སི་ཕེན་སོགས་རྒྱལ་ཁབ་དབར་གྱི་མཁའ་ལམ་གཙོ་བོ་2019ལོའི་ཚད་གཞིར་རིམ་བཞིན་སླེབས་ཡོད། དེ་དང་ཆབས་ཅིག་རྒྱལ་ཁབ་མང་པོས་ཀྲུང་གོའི་ཡུལ་སྐོར་བར་རྒྱལ་གྲོལ་འཐུས་མཆན་འགོད་རིམ་སྟབས་བདེ་རུ་བཏང་བ་དང་རྒྱལ་ཁོངས་སུ་ཐེངས་མང་འཛུལ་རྒྱུའི་འཐུས་མཆན་འགོད་པའི་བསྡུར་ཚད་ཅུང་མཐོ་རུ་ཕྱིན་ཡོད། མཁའ་འགྲུལ་སླར་གསོ་དང་འཐུས་མཆན་འགོད་བདེ་རུ་བཏང་སྟེ། ཀྲུང་གོའི་ཡུལ་སྐོར་བ་ཡོ་རོབ་ཏུ་སྐྱོད་པར་གདམ་ག་མང་པོ་བྱུང་ཡོད།

    ཧྥ་རན་སེའི་རྒྱལ་ཁབ་ཡུལ་སྐོར་འཕེལ་རྒྱས་ཧྲུའུ་ཡི་གྲངས་གཞི་ལས་མངོན་པར། 2024ལོར་ཧྥ་རན་སིར་ཡུལ་སྐོར་དུ་སྐྱོད་མཁན་ཀྲུང་གོ་བ་མི་ཐེངས་ཁྲི་100ཟིན་ཞིང་། 2024ལོའི་ཕ་རི་སི་ཨོ་རྩལ་འགྲན་ཚོགས་རིང་ཀྲུང་གོའི་སྤྱི་དམངས་གནམ་གྲུར་བསྡད་ནས་ཧྥ་རན་སིའི་རྒྱལ་ཁོངས་སུ་སྐྱོད་མཁན་མི་ཐེངས་ལོ་གོང་མའི་དུས་མཚུངས་ལས་ཧ་ལམ་354%འཕར་ཡོད། འདི་ལོ་ནས་བཟུང་ཧྥ་རན་སིས་ཀྲུང་གོའི་ཡུལ་སྐོར་ཚོགས་པ་དང་ཚོང་དོན་ཡུལ་སྐོར་བར་རྒྱལ་གྲོལ་འཐུས་མཆན་འགོད་པའི་དུས་ཡུན་སྔར་བས་ཐུང་དུ་བཏང་སྟེ། ཀྲུང་གོའི་ཡུལ་སྐོར་བ་ཧྥ་རན་སིར་ཡུལ་སྐོར་དུ་སྐྱོད་པའི་སྤྲོ་སེམས་མུ་མཐུད་འཕེལ་བ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།