བརྙན་ཤེལ་ལ་བརྟེན་ནས་ཀྲུང་གོའི་འཕེལ་རྒྱས་ཤེས་ཚོར་དང་ཟིན་ཐོར་འགོད་པ།
ཉིན་ཤས་གོང་། “གཞོན་ནུ་ལག་གདང་སྦྲེལ་བའི་དར་གོས་ལམ་བུ། རྒྱལ་སྤྱིའི་གཞོན་ནུའི་བརྙན་པར་སྤེལ་རེས་འཆར་གཞིའི”ཉིང་ཞའི་གསར་རྩོམ་དབྱར་སྒར་གྱི་བྱེད་སྒོ་དབྱིན་ཁྲོན་གྲོང་ཁྱེར་དུ་སྤེལ་བ་རེད། རྒྱལ་ཁབ་30ཙམ་ནས་ཡོང་བའི་མཐོ་སློབ་ཀྱི་མཁས་དབང་དང་། གཞོན་ནུ་རྩོམ་པ་པོ། སྨྱན་སྦྱོར་གསར་འགོད་པ་བཅས་ཀྱིས་ཉིང་ཞ་ཡི་ས་ཆ་མང་པོར་བསྐྱོད་དེ། དུས་ཡུན་གཟའ་འཁོར་གཅིག་གི་བརྙན་པར་གསར་རྩོམ་སྤེལ་རེས་དང་། གསོ་སྦྱོང་། མཉམ་འབྲེལ་པར་ལེན་བཅས་བྱས་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་གསོན་ཤུགས་ཤེས་ཚོར་དང་དུས་རབས་གསར་པའི་དར་གོས་ལམ་བུའི་གཏམ་རྒྱུད་སྔོག་འདོན་བྱས་པ་རེད།
ཀྲུང་ཝེ་གྲོང་ཁྱེར་ཀྲུང་ཉིང་རྫོང་དུ་འདྲེ་ཚེར་མ་སྐྱེ་འཚར་ཡག་པོ་བྱུང་ཡོད། དེ་གར་འབྱོར་མ་ཐག་གཞོན་ནུ་ཚོས་པར་ཆས་ཁྱེར་ནས་ཞིང་ནང་དུ་བསྐྱོད། “འདྲེ་ཚེར་མ་སོས་པ་ཟ་ཐེངས་དང་པོ་ཡིན། ཧ་ཅང་ཞིམ་པོ་འདུག” ཕྱིར་སྡོད་རང་མིའི་སློབ་ཆེན་ནས་ཡོང་བའི་ཐེ་ལན་གྱི་ཕྱི་སྦྱོང་སློབ་མ་ལུའོ་ཡ་ཧྥེ་ཡིས་འདྲེ་ཚེར་མ་སོས་པ་ཞིག་བཏུས་ནས་ཟ་བཞིན་དུ་བརྙན་ཤེལ་ལ་གཏད་དེ་ཐེ་ལན་སྐད་ནས“བྱེ་སེར་གྱིས་ཁེངས་པའི་ས་ཆ་འདིར་བྲོ་བ་ཞིམ་པའི་ཤིང་འབྲས་དེ་འདྲ་ཐོན་སྙམ་པ་བསམ་ཡུལ་ལས་འདས་སོང”ཞེས་བརྗོད།
ཀྲུང་ཝེ་གྲོང་ཁྱེར་ནི་ཐེང་ཀེ་ལི་བྱེ་ཐང་གི་མཐའ་རུ་གནས་པས་བྱེ་རླུང་ཡང་ཡང་འཚུབ་ཀྱི་ཡོད། ད་ཆ“ཁུལ་ལྔ་གཞི་གཅིག”གི་རླུང་འགོག་བྱེ་འཇགས་མ་ལག་བརྒྱུད། སྤྱི་ལེ་25ཙམ་གྱི་བྱེ་ས་སྔོ་འགྱུར་བྱས་པར་སྔོ་ཁེབས་ཁྱབ་ཚད་5%ནས་70%བར་མཐོ་རུ་ཕྱིན་ཡོད། བྱེ་བཅོས་ཀྱི“ཡུལ་ཐབས”རྒྱུན་ཆད་མེད་པར་རིམ་སྤོར་བྱས་པ་དང་བསྟུན་ནས་བྱེ་ཐང་དེ་བས་མང་བ་སྔོ་ལྗང་ཁུལ་དུ་གྱུར་ཡོད།
ཉིང་ཞ་ཡིས་ཚན་རིག་དང་མཐུན་པའི་སྒོ་ནས་བྱེ་བཅོས་བྱེད་པ་དང་དུས་མཚུངས“བྱེ་སེར་ལྗང་གློག་དུ་འགྱུར་བའི”ནུས་རྒྱུའི་མ་ལག་གསར་པ་སྐྲུན་པའི་ཐབས་ལམ་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་ཡོད། ཐེང་ཀེ་ལི་བྱེ་ཐང་ཀྲུང་ཝེའི་ནུས་རྒྱུ་གསར་པའི་རྟེན་གཞིར་སྐྱོད་ཚེ། ཉི་ནུས་འོད་ཤུགས་ཤེལ་ལེབ་གྲལ་སྟར་སྒྲིག་པ་དེ་མཐའ་ཡས་རྒྱ་མཚོ་དང་གཉིས་སུ་མ་མཆིས། འོད་ཤུགས་ཤེལ་ལེབ་འོག་ཏུ་རྩི་ཤིང་སྣ་ཚོགས་བར་མཚམས་ངེས་ཅན་བཞག་ནས་བཏབ་པར“ཤེལ་ལེབ་སྟེང་ནས་གློག་འདོན་པ་དང་ཤེལ་ལེབ་འོག་ཏུ་བྱེ་མ་བཅོས་པའི”རྣམ་པ་ཆགས་ནས་ལོ་རེའི་ཆ་སྙོམས་བྱེ་བཅོས་བྱེད་ཚད་མུའུ་ཆིག་ཁྲི་ལས་བརྒལ་ཡོད། ཕ་ཁི་སི་ཐན་ནས་ཡོང་བའི་ཨ་པཱ་སིས“བྱེ་བཅོས་དང་ནུས་རྒྱུ་གསར་སྤེལ་ཟུང་འབྲེལ་བྱེད་པའི་རྣམ་པ་ལས་བྱེ་ཐང་ལྗང་མདོག་ཐོན་ཁུངས་སུ་གྱུར་ཡོད”ཅེས་བརྗོད།
གྲངས་འཛིན་དཔལ་འབྱོར་ཐོན་ལས་གཅིག་སྡུད་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་ཕྱིན་པ་དང་ཆབས་ཅིག ཀྲུང་ཝེ་གྲོང་ཁྱེར་འདི་ཉིད་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་པའི་བརྗེ་རེས་ལྟེ་གནས་ཀྱི་གྲས་ཤིག་དང་རྒྱལ་ཁབ་ཀྱི་གྲངས་གཞིའི་ལྟེ་གནས་ཚོགས་སྤྱི་ཆེན་པོ་བཅུའི་གྲས་ཤིག་ཏུ་གྱུར་ཡོད། ཧ་སག་སི་ཐན་ཧྥ་ལ་པི་རྒྱལ་བཙུགས་སློབ་ཆེན་གསར་འགྱུར་བརྒྱུད་སྤེལ་སློབ་གླིང་གི་དགེ་རྒན་ཨའོ་ལིན་ཐའེ·ཨའོ་ཧྲ་ནུའོ་ཝ་ཡིས་གནའ་བོའི་དར་གོས་ལམ་བུའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པའི་ངོས་ནས་གནའ་བོའི་ལོ་རྒྱུས་རིག་གནས་དང་གསར་དར་ཚན་རྩལ་ཉིང་ཞ་རུ་མཉམ་འདྲེས་བྱུང་ཡོད། གནའ་བོའི་དར་གོས་ལམ་བུའི་རྔ་མོང་གི་དྲིལ་སྒྲ་གྲགས་པ་ནས་ད་ཆའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཕན་ཚུན་འབྲེལ་མཐུད་བྱེད་པའི་བར། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྒོ་དབྱེ་བསྟུན་མཁས་ཀྱི་རྣམ་འགྱུར་ཐོག་ནས་མཉམ་སྐྲུན་རྒྱལ་ཁབ་དང་མཉམ་དུ་དེང་རབས་ཅན་གྱི་རྒྱང་ལམ་དུ་སྐྱོད་ཀྱི་ཡོད། “ཧ་སག་སི་ཐན་བ་དེ་བས་མང་བ་ཀྲུང་གོར་ཡོང་སྟེ་བརྙན་ཤེལ་ལ་བརྟེན་ནས་ཀྲུང་གོའི་འཕེལ་རྒྱས་ཤེས་ཚོར་དང་ཟིན་ཐོར་འགོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་ཨའོ་ལིན་ཐའེ·ཨའོ་ཧྲ་ནུའོ་ཝ་ཡིས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།