དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་རྒན་ཡོལ་ཞུས་པའི་ཁྲིམས་དཔོན་གྱིས་སྡེ་ཁུལ་མང་ཚོགས་ཀྱི་སྒོ་རྩར་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུས་པ།

    ཆེད་ལས་ཤེས་བྱ་སྤྱད་དེ་ཚང་མའི་ཆེད་དུ་འདུམ་འགྲིག་ལས་ལ་གཞོལ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཅ་ཧྥེང་ཧྥེང་།   |     སྤེལ་དུས།  2025-08-02

    ཞོགས་པའི་ཆུ་ཚོད་བརྒྱད་པ་ཙམ་ལ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཁྲེང་ཀྲུང་ཆུས་ཧྥུའུ་ལུའུ་སྲང་ལམ་སྡེ་ཁུལ་བྱང་མའི“དམར་མདངས་ཤིན་ཏུ་བཀྲ་བ”ཞེས་པའི་ཁྲིམས་དཔོན་ལས་དོན་ས་ཚིགས་སུ། ཝུའུ་ཡུང་ཞན་དང་ཝུའུ་ཆིང་ཧྥང་གཉིས་ཀྱིས་ཆུ་ཁོལ་བླུགས་པ་དང་། གྱོད་གཞིའི་ཡིག་ཚགས་བཀྲམ་པ། མིག་ཤེལ་བཏགས་པ་སོགས་བྱེད་ཀྱིན་ཉིན་གཅིག་གི་ལས་ཀ་བྱེད་འགོ་ཚུགས།

    ལས་དོན་ས་ཚིགས་དེ་2024ལོའི་ཟླ་6པར་བཙུགས་པ་དང་ཧྥུའུ་ལུའུ་སྲང་ལམ་སྡེ་ཁུལ་བྱང་མ་དང་ཤིན་ཆིང་གྲོང་ཚོའི་གཞི་གཅིག་ཅན་གྱི་དམངས་ཕན་གཞུང་ལས་ཁང་དུ་གནས་ཡོད། ཝུའུ་ཡུང་ཞན་དང་ཝུའུ་ཆིང་ཧྥང་གཉིས་ཟི་ལིང་གྲོང་ཁྱེར་ཙོང་ཁ་ཆུས་མི་དམངས་ཁྲིམས་ཁང་དང་ཁྲེང་ཀྲུང་ཆུས་མི་དམངས་ཁྲིམས་ཁང་སོ་སོ་ནས་རྒན་ཡོལ་ཞུས་པ་དང་། 2025ལོའི་ཟླ་2པར་ལས་དོན་ས་ཚིགས་ཀྱི་ཆེད་མངགས་གདན་ཞུས་འདུམ་འགྲིག་པར་གྱུར་ནས། མངགས་གཏོང་འདུམ་འགྲིག་དང་ས་ཚིགས་ནང་གི་རྩོད་གཞི་ཐག་གཅོད་ཀྱི་ལས་ཀ་བྱེད་ཀྱི་ཡོད། དེར་བརྟེན་ཧྥུའུ་ལུའུ་སྲང་ལམ་སྡེ་ཁུལ་བྱང་མའི་མང་ཚོགས་ལ་སྒོ་རྩ་ནས་བཅའ་ཁྲིམས་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་ལ། ཁོང་རྣམ་གཉིས་ལ་ཡང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་སྟེགས་གསར་པ་ཞིག་རྙེད་ཡོད།

    བཅའ་ཁྲིམས་བློ་འདྲི་མཁོ་འདོན་བྱས་ནས་མང་ཚོགས་ཀྱིས་འགག་རྩའི་གནད་དོན་རྟོགས་ཐུབ་པར་བྱས་པ།

    “ཏུང་ཏུང་ཏུང”ཞེས་བྲེལ་འཚུབ་ངང་སྒོ་རྡུང་བའི་སྒྲ་ཞིག་གྲགས་ཤིང་། ཝུའུ་ཡུང་ཞན་དང་ཝུའུ་ཆིང་ཧྥང་གཉིས་མྱུར་དུ་ཡར་ལངས་ནས་སྒོ་ཕྱེ་བར་ཕྱིན།

    “འདུམ་འགྲིག་པ་ལགས། ང་ལ་དཀའ་ངལ་འཕྲད་བྱུང་”ཡོང་མཁན་ནི་གཞོན་ནུ་ཞིག་ཡིན་པ་དང་། ཕར་བལྟས་ན་ལོ་20ལྷག་ལ་སླེབས་འདུག ངོ་གདོང་དམར་པོར་གྱུར་པ་དང་མགོ་སྐྲ་ཟིང་ཞིང་བྲེལ་འཚུབ་ཆེ་ལ་ངོ་ཚ་ཆེན་པོས“དེ་གོང་ངས་བར་སྦྲེལ་བརྒྱུད་ནས་ཁང་པ་ཞིག་ལ་བལྟས་པ་དང་། རྗེས་སུ་ཁང་བདག་དང་ལྐོག་ཏུ་འབྲེལ་བ་བྱས་པ་ཡིན། ངེད་གཉིས་ཀྱི་བསམ་པར་ཐད་ཀར་ཉོ་ཚོང་བྱས་ན་བར་སྦྲེལ་གྱི་གྲོན་དངུལ་གྲོན་ཆུང་ཐུབ་ཀྱི་རེད་སྙམ་ནས་བར་སྦྲེལ་ལ་གསང་ནས་གན་རྒྱ་བཞག་པ་ཡིན། ད་ལྟ་བར་སྦྲེལ་གྱིས་ཤེས་ནས་ང་ལ་བར་སྦྲེལ་གྱི་གྲོན་དངུལ་སློག་དགོས་ཟེར་གྱི་འདུག དོན་དག་འདི་ཇི་ལྟར་སྒྲུབ་དགོས”ཞེས་བཤད།

    ཝུའུ་ཡུང་ཞན་གྱིས་སྔོན་ལ་ཇ་ཚ་པོ་གང་བཀྱག་རྗེས་དངངས་འཚབ་མེད་པར“ཁྱོད་ཀྱི་བྱ་སྤྱོད་དེ་བཅའ་ཁྲིམས་ཐོག་ནས‘བར་སྦྲེལ་ལས་གཡོལ་བར’འགྱུར་སྲིད”ཅེས་འགྲེལ་བཤད་བྱས། དེ་ལྟར་བཤད་རྗེས《དམངས་དོན་ཁྲིམས་གཞུང》ཞིག་བཏོན་ནས་མགྱོགས་མྱུར་འབྲེལ་ཡོད་དོན་ཚན་ལ་མཛུབ་མོ་བཙུགས་ཏེ“ཁྱོད་ཀྱིས་ལྟོས་དང་། འདིར་གསལ་པོར་བྲིས་ཡོད། མངགས་བཅོལ་བྱེད་མཁན་གྱིས་བར་སྦྲེལ་གྱི་ཞབས་ཞུ་དང་ལེན་བྱས་རྗེས། བར་སྦྲེལ་གྱིས་མཁོ་འདོན་བྱས་པའི་ཉོ་ཚོང་གོ་སྐབས་སམ་ཡང་ན་མཚམས་སྦྱོར་གྱི་ཞབས་ཞུ་བེད་སྤྱད་ནས་བར་སྦྲེལ་ལས་གཡོལ་ཏེ་ཐད་ཀར་གན་རྒྱ་བཞག་ན། བར་སྦྲེལ་ལ་གླ་ཕོགས་སྤྲོད་དགོས། རང་གིས་བར་སྦྲེལ་བརྒྱུད་ནས་ཁང་པར་བལྟས་ན་ཞབས་ཞུ་དང་ལེན་བྱས་པ་ཞིག་རེད། གལ་ཏེ་ཁོ་ཚོའི་ལྐོག་ཏུ་ཁང་བདག་དང་གན་རྒྱ་བཞག་ཚེ། བཅའ་ཁྲིམས་ཀྱི་ངོས་ནས་བཤད་ན་འགན་འཁྲི་འཁུར་དགོས”ཞེས་བཤད།

    ཝུའུ་ཆིང་ཧྥང་གིས་ད་དུང“གནས་ཚུལ་གང་ཡིན་རུང་། བར་སྦྲེལ་གྱི་གྲོན་དངུལ་ཆ་ཚང་སྤྲོད་དགོས་པ་ཡང་མ་ཡིན། ཁྲིམས་ཁང་གིས་ཁྲུན་ཐག་གཅོད་སྐབས་བར་སྦྲེལ་གྱིས་ཞབས་ཞུ་སྒྲུབ་ཚད་དང་ཁྱོད་ལ་དངོས་སུ་ཐོབ་པའི་ཞབས་ཞུའི་ཁེ་ཕན་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བྱེད་ཀྱི་རེད། གལ་ཏེ་ཁོ་ཚོས་ཁྱོད་ཁང་པ་ལྟ་བར་ཐེངས་གཅིག་ཙམ་ལས་ཁྲིད་མེད་པ་དང་རྗེས་སུ་ཞབས་ཞུ་གཞན་དག་བསྒྲུབས་མེད་ན། གནས་ཚུལ་ལ་གཞིགས་ནས་ཁྱོད་ཀྱིས་སྤྲོད་དགོས་པའི་གྲོན་དངུལ་ཇེ་ཉུང་དུ་གཏོང་སྲིད”ཅེས་བཤད།

    དེ་ནས་ཝུའུ་ཡུང་ཞན་གྱིས་བར་སྦྲེལ་ཀུང་སིར་ཁ་པར་བརྒྱབ་སྟེ། ཀུང་སིར“བར་སྦྲེལ་ལས་གཡོལ་བའི”དོ་དམ་གནད་དོན་དང་ལས་སྒོའི་རྗེས་སྙེག་གི་སྐྱོན་ཆ་ཡོད་པ་གསལ་བཤད་བྱས། བར་སྦྲེལ་ཀུང་སིས་རང་ངོས་ལ་གནད་དོན་ཡོད་པ་རྟོགས་ནས་ཁ་ཆད་ལས་འགལ་བའི་འགན་འཁྲི་བདའ་འདེད་གཏོང་གི་མིན་ལུགས་བཤད་པ་མ་ཟད། གཞོན་ནུ་དེར་བསམ་གཞིག་བྱེད་པའི་དུས་ཚོད་ཀྱང་སྤྲད་པ་རེད། ཉིན་འགའི་རྗེས་སུ། གཞོན་ནུ་དེས་བར་སྦྲེལ་གྲོན་དངུལ་སྤྲོད་འདོད་ཡོད་ཅེས་བཤད་པ་དང་། ཝུའུ་ཡུང་ཞན་གྱིས་གནས་ཚུལ་དང་བསྟུན་ནས་ཁོ་ལ་ཁ་ཆད་ལས་འགལ་བའི་དངུལ་ཆད་སྤྲོད་མི་དགོས་ཞེས་བཤད་པས། གཞོན་ནུ་དེས་འཕྲལ་མར་ཀུང་སིར་བར་སྦྲེལ་གྲོན་དངུལ་སྤྲད་པ་རེད།

    ཝུའུ་ཡུང་ཞན་དང་ཝུའུ་ཆིང་ཧྥང་གཉིས་ལ་གནས་ཚུལ་དེ་རིགས་ཕལ་ཆེར་ཉིན་ལྟར་འཕྲད་ཀྱི་ཡོད།

    རྒན་ཡོལ་ཞུས་རྗེས། འདུམ་འགྲིག་ལས་དོན་ལས་ཝུའུ་ཡུང་ཞན་དང་ཝུའུ་ཆིང་ཧྥང་ལ་སླར་ཡང་སྔོན་མའི་སྤྲོ་སྣང་དེ་རྙེད། ཝུའུ་ཡུང་ཞན་གྱིས། “ང་ཚོས་བཅའ་ཁྲིམས་ཀྱི་དོན་ཚན་ལ་འགྲེལ་བཤད་དང་གྱོད་དཔེ་དྲངས་ནས་གནས་ལུགས་བཤད་པ་བརྒྱུད། བཅའ་ཁྲིམས་ཀྱི་བློ་འདྲི་དག་གོ་བདེ་ཤེས་སླ་ཐུབ་པ་དང་། མི་ཕལ་པས་ཀྱང་གནད་དོན་གྱི་འགག་རྩ་མགྱོགས་མྱུར་རྟོགས་ཐུབ་པ་མ་ཟད། གོམ་སྟབས་རྗེས་མར་ཡིག་ཆ་གང་ཞིག་འཚོལ་དགོས་པ་དང་། དཔང་རྟགས་གང་ཞིག་འཚོལ་དགོས་པ། ཚད་གཞི་གང་ཞིག་ལྟར་གྲོས་མོལ་བྱེད་དགོས་པ་བཅས་ཤེས་པར་ཕན་པ་ཆེན་པོ་བྱུང་ཡོད”ཅེས་བཤད།

    གྱོད་དོན་འདུམ་འགྲིག་ནང་མང་ཚོགས་ཀྱིས་ཁྲིམས་ལུགས་ཤེས་པ་དང་གནས་ལུགས་ཀྱང་ཤེས་པ།

    ཨ་ཅག་ཝང་ལགས་ཁྱིམ་གྱི་ཆུ་སྦུག་ནས་ཆུ་འཛགས་ཏེ་ཁྱིམ་མཚེས་ཞའོ་ལིའི་གསར་དུ་མཛེས་བཟོ་བྱས་པའི་ཁང་པརགནོད་སྐྱོན་ཕོག་སྐབས་ཝུའུ་ཆིང་ཧྥང་ཏག་ཏག་ལས་དོན་ས་ཚིགས་སུ་བསྡད་ཡོད། གནས་ཚུལ་འབྱོར་རྗེས། ས་གནས་ས་ཐོག་ཏུ་ཨ་ཅག་ཝང་ལགས་ཀྱིས། “ངས་དངོས་གནས་རྐང་བཙུགས་ནས་བྱས་པ་མིན། ཁང་པ་རྙིང་པའི་ཆུ་སྦུག་ལ་བཙའ་བརྒྱབ་པ་ཡང་ངས་ཤེས་མ་བྱུང”ཞེས་ངུ་བཞིན་བཤད།

    ཞའོ་ལི་ཡི་མནའ་མས་རྩི་བྱུགས་མ་ཐག་པའི་གྱང་ལ་མཛུབ་མོ་བཙུགས་ཏེ“འདི་ང་ཚོའི་གཉེན་སྒྲིག་གི་ཁང་པ་ཡིན”ཞེས་བཤད།

    ཝུའུ་ཆིང་ཧྥང་གིས་སྐད་ཆ་ཤོད་རྒྱུར་མ་བྲེལ་བར་ཐོག་མར་གྱང་གི་ཟུར་དུ་བསྡད་དེ་སྦི་ཅི་ལི་སྤར་ནས་ཆུ་འཛག་སར་བལྟས་པ་དང་ཡང་གྱང་ངོས་སྦོས་ཁོངས་ལ་ཚད་འཇལ་རྗེས། དེབ་ཅིག་ཐོག་དཔེ་རིས་བྲིས་ཏེ། “ཁྱོད་ཀྱིས་ཆུའི་ཤུལ་འདིར་ལྟོས་དང་། གནམ་བཅལ་གྱི་ཟུར་ནས་འཛགས་འདུག ཕལ་ཆེར་ཆུ་སྦུག་ཨ་མའི་མཐུད་ཁ་རྙིང་པ་ཡིན་པས་རེད”ཅེས་བཤད། ཁྲིམས་ཁང་དུ་ལས་ཀ་བྱེད་རིང་བསགས་པའི་ཉམས་མྱོང་ལ་བརྟེན་ནས་ཝུའུ་ཆིང་ཧྥང་གིས་ཆུ་སྦུག་ཨ་མའི་མཐུད་ཁ་ནི་སྦུག་ལམ་གྱི་གྲུབ་ཚུལ་རང་བཞིན་གྱི་མཐུད་ཚིགས་ཡིན་པ་དང་། སྤྱིར་བཏང་གནམ་གཅལ་གྱི་ཟུར་དུ་གནས་ཡོད། རྙིང་གྱུར་མཐུད་ཁུང་ལ་དུས་ཡུན་རིང་པོར་ཆུ་གནོན་གྱིས་རྡབ་རྡེབ་ཕོག་པས་ད་གཟོད་ཆུ་རྒྱུན་ཆད་མེད་པར་འཛགས་པ་གཏན་འཁེལ་བྱས། ཝུའུ་ཆིང་ཧྥང་གིས“འདི་ཨ་ཅག་ཝང་ལགས་ཁྱིམ་གྱི་སྲུང་སྐྱོང་ཁྱབ་ཁོངས་སུ་གཏོགས། འོན་ཀྱང་ཞའོ་ལི་ཡིས་མཛེས་བཟོ་བྱེད་སྐབས་ཆུ་འགོག་ལྕགས་རྩི་མ་བྱུགས་པས། གྱོང་གུན་ལྕི་རུ་ཕྱིན་ཡོད”ཅེས་བཤད།

    ཁྲིམས་ཀྱི་གནས་ལུགས་དང་བརྩེ་སེམས་ཟབ་མོ་ཟུང་འབྲེལ་གྱིས་ཝུའུ་ཆིང་ཧྥང་ཡང་ཡང་ཁོང་གཉིས་ཀྱི་ཁྱིམ་དུ་སོང་ནས་སྙིང་གཏམ་བརྗོད་ཅིང་། གཏུག་བཤེར་གྱི་དཔལ་འབྱོར་ཐད་ཀྱི་རྩིས་དང་། བཅའ་ཁྲིམས་ཀྱི་ཉེན་ཁའི་ཐད་ཀྱི་རྩིས། ཁྱིམ་མཚེས་ཀྱི་མཛའ་གྲོགས་ཐད་ཀྱི་རྩིས་བཅས་བརྒྱབ། ཉིན་གསུམ་གྱི་རྗེས། ཨ་ཅག་ཝང་ལགས་ཀྱིས་ཆུ་སྦུག་རྙིང་པ་ལས་བཟོས་པའི་གྱོང་གུན་གྱི་དོན་དངོས་རིམ་བཞིན་ཁས་བླངས། ཨ་ཅག་ཝང་ལགས་ཀྱིས་བསམ་བློ་དྲུག་གསུམ་ཅོ་བརྒྱད་བཏང་རྗེས་རང་འགུལ་ངང་འགན་འཁྲི་ཁུར་ནས་གྱོང་གུན་ཚང་མ་སྐྱིན་ཚབ་འཇལ་འདོད་ཡོད་ལུགས་བརྗོད། དེ་ནས་ཞའོ་ལི་ཡིས་གཏུག་བཤེར་ཕྱིར་འཐེན་བྱ་རྒྱུའི་ཐག་བཅད། འགྲོ་ཁར་ཝུའུ་ཆིང་ཧྥང་གིས་ཞའོ་ལི་ལ་གནད་དོན་ཅི་ཞིག་ཡོད་ཀྱང་སླར་ཡང་ལས་དོན་ས་ཚིགས་སུ་བསྐྱོད་ནས་བློ་འདྲི་བྱེད་ཆོག་ཅེས་བརྗོད།

    ཁོངས་གཏོགས་ཁུལ་དུ་ཟླ་བ་ཁ་ཤས་རིང་བཅར་འདྲི་བྱས་པ་བརྒྱུད། ཝུའུ་ཡུང་ཞན་དང་ཝུའུ་ཆིང་ཧྥང་གཉིས་ཀྱིས་གསལ་པོ་ཚོར་བ་ཞིག་ལ། འདུམ་འགྲིག་ནི་སྲོལ་རྒྱུན་གྱི་སྨན་པས་ནད་པར་ལྟ་རེག་དྲི་གསུམ་བྱེད་པ་དང་འདྲ་བར་ཁྲིམས་ཀྱི་གནས་ལུགས་ཀྱི“སྨན་ཡིག”རྟོགས་དགོས་ལ། མི་སེམས་ལ“རྩ་བརྟག”དེ་བས་ཀྱང་བྱེད་ཤེས་དགོས། མི་ཁག་གཅིག་ལ་བཅའ་ཁྲིམས་ཁྱབ་གདལ་བཏང་ནས་གནས་ལུགས་རྟོགས་སུ་འཇུག་དགོས་པ་དང་། མི་ལ་ལར་ངང་རྒྱུད་རིང་པོས་ཉན་དུ་འཇུག་དགོས་པ་དེ་རེད།

    ཅི་འཕྲོས་མོལ་འཕྲོས་བྱས་ནས་མང་ཚོགས་དང་ཉེ་བཅར་བྱས་པ་དང་། དོན་དངོས་སྟོན་པ་དང་གནས་ལུགས་བརྗོད་ནས་མང་ཚོགས་ཀྱི་སེམས་ཁྲལ་བསལ་ཞིང་། 2025ལོའི་ཟླ་2པ་ནས་བཟུང་། འདུམ་འགྲིག་པ་གཉིས་ཀྱིས་ལས་དོན་ས་ཚིགས་སུ་ཁྱོན་གནད་དོན་ཁག་317བདེ་བླག་ངང་འདུམ་འགྲིག་བྱས་པས། “རྩོད་གཞི་ཡོད་ན་ཝུའུ་ལགས་རྣམ་གཉིས་འཚོལ་བ”ནི་གྲོང་པ་ཁྱིམ་མཚེས་ཀུན་གྱི་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཏུ་གྱུར།

    སྒོ་རྩར་བཅའ་ཁྲིམས་ཁྱབ་གདལ་བཏང་ནས“གོ་ཤེས་ཅན”སྔར་བས་མང་བ་བསྐྱངས་པ།

    ཕྱི་དྲོར་ལས་དོན་ས་ཚིགས་ལས་བྲེལ་ཆུང་དུས། ཝུའུ་ཡུང་ཞན་དང་ཝུའུ་ཆིང་ཧྥང་རྣམ་གཉིས་སྡེ་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་དོ་དམ་པ་ཝང་ཡུས་ཆི་དང་མཉམ་དུ་མང་ཚོགས་ཁྱིམ་དུ་བཅར་འདྲིར་བསྐྱོད།

    “ཁྲིམས་ཁང་དུ་ལས་ཀ་བྱེད་སྐབས། མི་ལ་ལར་ཁེ་དབང་ལ་གནོད་འཚེ་ཕོག་ནའང་རྙོག་དྲར་ཞེད་ནས་ཁ་རོག་སྡོད་ཀྱི་ཡོད་པ་ཤེས་བྱུང”ལས་དོན་ས་ཚིགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཝུའུ་ཡུང་ཞན་གྱིས་རང་འགུལ་ངང་སྡེ་ཁུལ་གྱི་ལས་དོན་པར་འབྲེལ་གཏུག་བྱས་ཏེ། “ཕྱོགས་གཅིག་ནས་སྒོ་རྩར་བཅའ་ཁྲིམས་ཁྱབ་གདལ་བཏང་ནས་མང་ཚོགས་ཀྱི་དཀའ་ངལ་ངོ་མ་ཐག་གཅོད་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་འགྲོ་འོང་མང་ཙམ་བྱས་ནས་ཕན་ཚུན་རྒྱུས་མངའ་ཟབ་ཏུ་གཏོང་དགོས”ཞེས་བཤད།

    “སྡེ་ཁུལ་གྲོང་མིའི་ཁྱིམ་ཚང་གི་དོན་དག་སྣ་ཚོགས་དང་། ཁྱིམ་མཚེས་ཀྱི་འབྲེལ་བ། སྡེ་ལས་ཞབས་ཞུའི་གནས་ཚུལ་བཅས་ནི་ང་ཚོས་ཉིན་ལྟར་ཐག་གཅོད་བྱེད་དགོས་ཀྱི་ཡོད། ང་ལ་ཆེད་ལས་ཀྱི་བཅའ་ཁྲིམས་ཤེས་བྱ་མེད་པས། འདུམ་འགྲིག་པ་ཁོང་རྣམ་པ་གཉིས་ཀྱིས་རང་འགུལ་ངང་ང་ལ་འདུམ་འགྲིག་ལས་དོན་སྤེལ་ཐབས་མཛུབ་ཁྲིད་བྱས་པས་ཕན་ཐོགས་ཆེན་པོ་བྱུང་། ང་ཚོས་ལས་ཀ་བྱེད་སྐབས་ཀྱང་སྟབས་བདེ་རུ་ཕྱིན་ཡོད”ཅེས་ཝང་ཡུས་ཆི་ཡིས་བཤད།

    ཧྥུའུ་ལུའུ་སྲང་ལམ་སྡེ་ཁུལ་བྱང་མས་དུས་མཚམས་རེར“བཅའ་ཁྲིམས་གླེང་མོལ”རེ་གཉེར་གྱི་ཡོད་ཅིང་། ཝུའུ་ལགས་རྣམ་གཉིས་དང་། ལས་དོན་ས་ཚིགས་གཞན་ནས་ཡོང་བའི་ཆེད་མངགས་གདན་ཞུས་འདུམ་འགྲིག་པ། ན་གཞོན་ཁྲིམས་དཔོན་རྣམས་མཉམ་དུ་འཛོམས་ཏེ་གྱོད་སྒྲུབ་ཉམས་མྱོང་དང་དཀའ་ངལ་ཡོད་པའི་གྱོད་གཞི་སོགས་ལ་གྲོས་བསྡུར་བྱེད་ཀྱི་ཡོད། “གྱོད་གཞིའི་དོན་དངོས་ར་སྤྲོད་ནས་བཅའ་ཁྲིམས་ཀྱི་དོན་ཚན་སྤྱོད་པའི་བར་དང་། འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་པ་ནས་ཁྲིམས་འཛིན་གྱི་བརྩེ་བ་བརྒྱུད་སྤྲོད་བྱེད་པའི་བར་དུ། ཁོང་ཚོས་ཉམས་མྱོང་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་སློབ་ཀྱི་ཡོད”ཅེས་ཁྲེང་ཀྲུང་ཆུས་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་འབྲུག་མོས་བརྗོད་པ་རེད།

    ཝུའུ་ཆིང་ཧྥང་གིས། གཞི་རིམ་གྱི་འགལ་བ་སེལ་ཐབས་ནི་བཅའ་ཁྲིམས་དོན་ཚན་གྱི་ཟབ་སར་ཡོད་ལ། མི་སེམས་ཀྱི་འབྲེལ་འདྲིས་ཐད་ཀྱང་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།