《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།
རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་གི་གསུང་བཤད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་15པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་2023ལོའི་ཟླ་7ཚེས་17ཉིན་གནང་བའི《རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་ཐོག་གི་གསུང་བཤད》བཀོད་ཡོད་པ་རེད།
རྩོམ་ཡིག་ནང་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པ་དེ་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རྩ་བའི་ཇུས་ཆེན་ལ་བརྩིས་ནས་གསར་གཏོད་རང་བཞིན་ལྡན་པའི་ལས་དོན་རབ་དང་རིམ་པ་སྤེལ་ཡོད། ཆོད་སེམས་ཆེ་བ་དང་། སྤེལ་ཤུགས་ཆེ་བ། གྲུབ་འབྲས་ཆེ་བ་བཅས་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་ལོ་རྒྱུས་རང་བཞིན་དང་། ཕྱོགས་འགྱུར་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ནས། གཙོ་གནད་བཅོས་སྒྲིག་ནས་བརྒྱུད་རིམ་བཅོས་སྐྱོང་བར་དང་། གཞན་འགུལ་ངང་ཁ་གཏད་གཅོག་པ་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་བའི་བར། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ལ་ཞུགས་མཁན་ནས་སྣེ་ཁྲིད་མཁན་བར། ལག་ལེན་འཚོལ་ཞིབ་ནས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་བར་བཅས་ཀྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་ཅིང་། དེ་ཉིད་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཏུ་གྱུར་ཡོད།
རྩོམ་ཡིག་ནང་བསྟན་དོན། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དང་ཐཱན་ཉུང་ཅན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྔར་བཞིན་གནོན་ཤུགས་ཉིས་བརྩེགས་དང་ཁུར་ཐེག་མདུན་སྐྱོད་བྱེད་པའི་འགག་རྩའི་དུས་སུ་སླེབས་ཡོད། རྒྱང་ལམ་གསར་པར་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བར་འབྲེལ་བ་གལ་ཆེན་འགའ་ཐག་གཅོད་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་བྱེད་དགོས་ཤིང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་འཕེལ་རྒྱས་ཇུས་འགོད་བྱེད་པ་དང་། ཆུ་ཚད་མཐོ་བའི་སྲུང་སྐྱོང་བརྒྱུད་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་གཏིང་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་དགོས། གཉིས་ནས་གཙོ་གནད་འགག་སྒྲོལ་དང་མཉམ་སྒྲུབ་བཅོས་སྐྱོང་གི་འབྲེལ་བ་ཐག་གཅོད་བྱེད་དགོས་ཤིང་། བརྒྱུད་རིམ་ལྡན་པའི་ལྟ་བ་མཐའ་འཁྱོངས་ཀྱིས་འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོར་དམ་འཛིན་བྱས་ནས། མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ་བྱ་ཐབས་ནུས་ལྡན་སྤྱོད་པ་དང་ཆབས་ཅིག་དམིགས་ཚད་མཉམ་སྒྲུབ་དང་། སྦགས་བཙོག་དངོས་པོ་མང་པོར་ཚོད་འཛིན་མཉམ་སྒྲུབ། སྡེ་ཚན་མཉམ་སྒྲུབ། ས་ཁོངས་མཉམ་སྒྲུབ། སྲིད་ཇུས་མཉམ་སྒྲུབ་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་དོན་ཁག་གི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཉམ་སྒྲུབ་རང་བཞིན་བཅས་ལ་ཤུགས་སྣོན་རྒྱག་དགོས། གསུམ་ནས་རང་བྱུང་སླར་གསོ་དང་མི་ཐབས་ཉམས་གསོའི་འབྲེལ་བ་ཐག་གཅོད་བྱེད་དགོས་ཤིང་། རང་བྱུང་སླར་གསོ་དང་མི་ཐབས་ཉམས་གསོ་གཅིག་གྱུར་དམ་ཟབ་བྱས་ནས། ཡུལ་བབ་དང་དུས་བབ་དང་བསྟུན་པ་དང་ཁུལ་དབྱེ་རིགས་དབྱེའི་སྒོ་ནས་ཐབས་ཇུས་བཏོན་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ཐག་གཅོད་ཇུས་གཞི་ཡག་ཤོས་ཧུར་ཐག་འཚོལ་དགོས། བཞི་ནས་ཕྱི་རོལ་གྱི་གཅུན་འདོམས་དང་ནང་སྐྱེས་སྒུལ་ཤུགས་ཀྱི་འབྲེལ་བ་ཐག་གཅོད་བྱེད་དགོས་ཤིང་། སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ནས། ལམ་ལུགས་ནན་ཤོས་དང་ཁྲིམས་སྐྱོང་ནན་ཤོས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། རྒྱུན་རྣམ་ཅན་གྱི་ཕྱི་རོལ་གྱི་གནོན་ཤུགས་རྒྱུན་འཁྱོངས་བྱེད་དགོས། ལྔ་ནས“ཐཱན་གཉིས”ཁས་ལེན་དང་རང་བརྟེན་བྱ་སྤྱོད་ཀྱི་འབྲེལ་བ་ཐག་གཅོད་བྱེད་དགོས་ཤིང་། ང་ཚོས་ཁས་བླངས་པའི“ཐཱན་གཉིས”དམིགས་ཚད་དེ་གཏན་འཁེལ་ཡིན་མོད། འོན་ཀྱང་དམིགས་ཚད་འདིར་སླེབས་པའི་ཐབས་ལམ་དང་བྱ་ཐབས་དང་། དལ་ལྷོད་དང་ཤུགས་ཚད་ནི་ངེས་པར་དུ་ང་ཚོ་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་པ་ལས་གཞན་གྱི་ཤུགས་རྐྱེན་གཏན་ནས་མི་ཐེབས་པར་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་བརྟེན་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་སྟེ། གཅིག་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་རྒྱུན་མཐུད་ཡག་པོ་རྒྱག་དགོས་ཤིང་། གནད་སྨིན་སྦགས་བཅོས་དང་། ཚན་རིག་དང་མཐུན་པའི་སྦགས་བཅོས། ཁྲིམས་བཞིན་སྦགས་བཅོས་བཅས་མཐའ་འཁྱོངས་ཀྱིས་ཤུགས་ཚད་རྒྱུན་འཁྱོངས་དང་། ཟབ་ཚད་སྣུར་སྲིང་། ཁྱབ་ཚད་རྒྱ་སྐྱེད་བཅས་བྱེད་པ་དང་། ཁོར་ཡུག་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་གཏོང་དགོས། གཉིས་ནས་འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས་ཤིང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་དེ་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱེད་པའི་རྩ་བཅོས་ཐབས་ཇུས་ལ་བརྩིས་ནས། ལྗང་མདོག་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་མགྱོགས་མྱུར་ཆགས་པར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་རྨང་གཞི་བརྟན་དུ་གཏོང་དགོས། གསུམ་ནས་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་། བརྟན་ལྷིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ཆེ་རུ་ཤུགས་ཆེན་གཏོང་དགོས་ཤིང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་དང་མིའི་རིགས་ཀྱི་ཤེས་དཔལ་ལ་འགན་འཁུར་བའི་མཐོ་ཚད་ཀྱི་ཐོག་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕ་ཚ་བུ་རྒྱུད་ལ་རི་སྔོན་ཆུ་དྭངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཡག་པོ་ཞིག་བཞག་དགོས། བཞི་ནས་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལ་སྐུལ་འདེད་བརྟན་པོ་གཏོང་དགོས་ཤིང་། རྒྱལ་ཡོངས་སྤྱི་འདོམས་དང་། གྲོན་ཆུང་སྔོན་འཇོག འཁོར་གཉིས་འདེད་སྐུལ། ཕྱི་ནང་ཤར་བགྲོད། ཉེན་ཁ་འགོག་ཟོན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི“1+N”སྲིད་ཇུས་མ་ལག་དོན་འཁྱོལ་ཡག་པོ་བྱེད་དགོས། ལྔ་ནས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་གྱི་བདེ་འཇགས་མཐའ་ཚད་བརྟན་པོར་སྲུང་དགོས་ཤིང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱེད་པ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ཧུར་ཐག་བཅག་སྟེ། ང་ཚོ་འཚོ་གནས་དང་འཕེལ་རྒྱས་བྱུང་སའི་རང་བྱུང་ཁོར་ཡུག་དང་ཆ་རྐྱེན་ལ་ཉེན་ཁ་དང་གཏོར་བཤིག་མི་ཕོག་པའི་འགན་ལེན་བྱེད་དགོས། དྲུག་ནས་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་གྱི་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ཁྱབ་ཁོངས་ཁག་གི་ཐོན་ཁུངས་སྤྱི་འདོམས་བྱེད་པ་དང་། ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཁྲིམས་སྐྱོང་དང་། ཁྲོམ་ར། ཚན་རྩལ། སྲིད་ཇུས་ཀྱི་སྣ་འདུས་ཐབས་བཟང་ཡག་པོ་སྤྱོད་པ་བཅས་བྱས་ཏེ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་རྨང་གཞིའི་འདེགས་སྐྱོར་དང་འགན་སྲུང་ནུས་ལྡན་བྱེད་དགོས།
རྩོམ་ཡིག་ནང་ནན་བཤད་བྱས་དོན། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་གལ་ཆེན་ཡིན་པས། ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་རལ་གྲི་རྣོན་པོའི་ནུས་པ་མུ་མཐུད་འདོན་དགོས།
འབྲེལ་ཡོད་གསར་འགྱུར།