ཚོང་འགུགས་མ་འདྲེན་བྱས་ནས“ཞོག་ཁོག་ ཆུང་ངུའི”ཐོན་ལས་སྟོབས་ཆེར་བཏང་བ།
གྲོང་གསེབ་དར་རྒྱས་གཏོང་བར་ཐོན་ལས་རྨང་གཞིར་འཛིན་དགོས། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཆུ་མདོ་གྲོང་རྡལ་གྱི་2024ལོའི་གཙོ་གནད་ཀྱི་ཚོང་འགུགས་མ་འདྲེན་རྣམ་གྲངས་ཡིན་པའི་ནང་སོག་སེན་ཧྥུང་ཞོག་ཁོག་ལས་རིགས་ཚད་ཡོད་འགན་འཁྲི་ཀུང་སི་གཞིས་ཆགས་པ་ནས་བཟུང་། ཚན་རིག་དང་མཐུན་པའི་འདེབས་འཛུགས་ལ་བརྟེན་ཏེ་ཐོན་འབབ་ཀྱི་གནད་དོན་ཐག་གཅོད་དང་། ཁེ་ལས་དང་མང་ཚོགས་མཉམ་འགུལ་བྱས་ནས་ས་གནས་དེ་གའི་ཞིང་ལས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་པ་མ་ཟད། མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་དང་གྲོང་གསེབ་ཀྱི་གསོན་ཤུགས་འཕེལ་བའི་ལག་ལེན་ཞིག་ཏུ་དེ་བས་གྱུར་ཡོད།
ཆུ་མདོ་གྲོང་རྡལ་དུ་ནང་འདྲེན་ཁེ་ལས་གཞིས་ཆགས་པ་ནས་བཟུང་། ཀུང་སིས་ཐོག་མར་ས་ཞིང་ཐོན་ཁུངས་བསྡུ་སྒྲིལ་ནས་འགོ་བཙུགས་ཏེ། ས་ཞིང་མུའུ་1100ལྷག་ཙམ་བརྒྱུད་བཤུག་བྱས་ནས་གཞི་ཁྱོན་ཅན་གྱི་འདེབས་འཛུགས་རྟེན་གཞི་བསྐྲུན་པ་མ་ཟད། “སོན་བཟང་སྔོན་ལ་འདེབས་རྒྱུ”དེ་ཁྲོམ་ར་འབྱེད་པའི་འགག་རྩར་གྱུར་པར་བྱས་ཡོད།
སྤོ་བོ་རྫོང་གི་ཐུན་མོང་མ་ཡིན་པའི་གནམ་གཤིས་དང་ས་རྒྱུའི་ཆ་རྐྱེན་དང་འཚམ་པར་བྱ་ཆེད། 2024ལོར་ཀུང་སིས་བཀྲ་ཤིས་གྲོང་ཚོའི་ཚོད་ལྟའི་ཞིང་ཁ་མུའུ་20ལྷག་ཙམ་ལ་སོན་སྣ་ཁ་58ཚོད་འདེབས་བྱས་ཤིང་། སྣ་ཁ་གཙོ་བོ་ཁག་7ལེགས་འདེམས་བྱས་པར་ཐོན་འབབ་བསྡོམས་འབོར་རྒྱ་མ་ཁྲི་240ཟིན་ཡོད། དུས་ཡུན་ལོ་གཅིག་ལ་ཉེ་བའི“སོན་བཟང་སྣ་ཁའི་འགག་སྒྲོལ་དམག་འཐབ”བརྒྱབ་པ་ལས་ཞོག་ཁོག་འདེབས་འཛུགས་བྱ་རྒྱུ་ས་གནས་དེ་གར“ཚོད་འདེབས”ནས“ཐོན་འབབ་མང་བའི”བར་མཆོང་སྐྱོད་ཐུབ་ནས་ཐོན་ལས་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཐུབ་ཡོད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་ཀུང་སིས་ས་ཞིང་བརྒྱུད་བཤུག་དང་ལས་གནས་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཉེ་འཁོར་གྱི་མང་ཚོགས་600ལྷག་ཙམ་ལ་ཡོང་འབབ་འཕར་རྒྱུར་སྐུལ་ཁྲིད་བྱས་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར་2000ལས་བརྒལ་བ་དང་། ཞིང་འབྲོག་མང་ཚོགས་ལ་རིམ་རྩིས་བརྒྱབ་ན། ས་ཞིང་བརྒྱུད་བཤུག་དང་གླ་པ་རྒྱུག་པ་ལས་ཡོང་འབབ་སྒོར་ཁྲི་26ལྷག་ཙམ་དང་ཁྱིམ་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་7000བྱུང་བ་མ་ཟད། ལོ་ཧྲིལ་པོར་གླ་པ་རྒྱུག་མཁན་མི་ཐེངས་1000ལས་བརྒལ་ཡོད།
སེན་ཧྥུང་ཞོག་ཁོག་ལས་རིགས་ཀྱི་འདེབས་འཛུགས་རྟེན་གཞིར་དེང་རབས་ཞིང་ལས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་བཞིན་ཡོད། སོན་འདེབས་འཕྲུལ་འཁོར་གྱིས་ཞོག་སོན་གནད་ལ་འཁེལ་པོས་འདེབས་པ་དང་། དབྲག་འཁོར་གྱིས་ལས་ཕྱོད་ཆེན་པོས་རྒྱུ་ཆ་དབོར་བ། དེང་རབས་ཅན་གྱི་ཞིང་འཕྲུལ་གྱིས་འུར་སྒྲ་སྒྲོག་པ་བཅས་ཀྱི་རྣམ་པ་གསར་པ་ལས་་སྔོན་མའི“ཞིང་པས་ཉིན་གང་དཔུང་པ་ས་འོག་ཏུ་བཅུག་པའི”ངལ་ལས་ཀྱི་རྣམ་པ་དེ་མཐོང་རྒྱུ་མེད་ཅིང་། “སོན་འདེབས་འཕྲུལ་འཁོར་གཅིག་གིས་ཉིན་གཅིག་ལ་ས་ཞིང་མུའུ་20འདེབས་ཐུབ་པས། དེས་མི་20ལྷག་ཙམ་གྱི་ངལ་ནུས་འདོན་ཐུབ་ཀྱི་ཡོད”ཅེས་ཀུང་སིའི་འགན་འཁུར་བས་ངོ་སྤྲོད་བྱས། འཕྲུལ་ཆས་ཅན་གྱི་འདེབས་འཛུགས་ལས་ཐོན་སྐྱེད་ལས་ཕྱོད་ཤུགས་ཆེར་ཕྱིན་པ་མ་ཟད། ས་གནས་དེ་གའི་ཞིང་ལས་དེ“སྲོལ་རྒྱུན་གྱི་རྨོ་འདེབས”ནས“དེང་རབས་ཞིང་ལས”ཕྱོགས་སུ་འགྱུར་བར་སྐུལ་མ་ཐེབས་ཡོད།
འབྲེལ་ཡོད་གསར་འགྱུར།