མཚོ་སྨད་རྫོང་མཚོ་སྨད་གྲོང་རྡལ་གྱིས།
མི་མེད་གནམ་གྲུར་བརྟེན་ནས་ཞིང་ལས་ཐོན་སྐྱེད་ལ་སྤུས་འབྲས་ལེགས་གཉེར་ཡོང་བར་རམ་འདེགས་བྱས་པ།
ཉེ་ཆར། མཚོ་སྨད་རྫོང་མཚོ་སྨད་གྲོང་རྡལ་གྱི་ཚད་གཞི་མཐོ་བའི་ཞིང་རར་ཞིང་ལས་ལག་རྩལ་པ་སྐལ་བཟང་གིས་མི་མེད་གནམ་གྲུ་བཀོལ་བཞིན་སྔོན་གཏན་འཁེལ་བའི་མཁའ་ལམ་བརྒྱུད་ཞིང་སྨན་གནད་སྨིན་གཏོར་བས། དུས་ཐུང་སྐར་མ་ཁ་ཤས་ནང་སྐྱེ་འཚར་ཞན་པའི་མྱུ་གུ་དང་། ཆུ་དཀོན་པ། ནད་འབུའི་གནོད་འཚེ་ཕོག་པ་བཅས་ཀྱི་ས་ཁོངས་དབྱེ་འབྱེད་ལེགས་གྲུབ་བྱུང་བ་མ་ཟད། ཞིང་ནང་གཡོག་བྱེད་ཀྱང་བྱས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། མི་མེད་གནམ་གྲུའི་ནང་གནད་འཕིགས་མཐོ་བའི་གནས་ངེས་མ་ལག་སྒྲིག་སྦྱོར་བྱས་ཡོད་པས། དེས་རིག་ནུས་གཏོར་ཆས་ལ་གཞོགས་འདེགས་བྱས་ནས། གཏན་འཁེལ་བྱས་པའི་དཔྱད་གྲངས་གཞིར་བཟུང་ནད་འབུའི་གནོད་འཚེ་ཐོན་ཚད་གནད་སྨིན་དབྱེ་འབྱེད་བྱེད་ཐུབ་པ་དང་འབྲེལ། གྲངས་ཚད་ངེས་གཏན་གྱིས་ཞིང་སྨན་གཏོར་ཐུབ་ཀྱི་ཡོད་པས། ཞིང་སྨན་སྤྱོད་ཚད་20%ཙམ་ཉུང་དུ་ཕྱིན་པ་དང་། ས་རྒྱུ་དང་། ཆུ་ཁུངས། མཐའ་འཁོར་གྱི་སྐྱེ་ཁམས་བཅས་ལ་སྦགས་བཙོག་ཐེབས་ཚད་ཉུང་དུ་ནུས་ལྡན་ཕྱིན་ཏེ་ལྗང་མདོག་ཞིང་ལས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་མཚོ་སྨད་རྫོང་གིས་མི་མེད་གནམ་གྲུ་སྤྱད་དེ་ས་ཞིང་མུའུ་1000ལ་ཞིང་སྨན་གཏོར་འགོ་ཚུགས་ཤིང་། མིག་སྔར་མུའུ་580ལྷག་ཙམ་གཏོར་ཟིན་ནས་མྱུར་ཚད་སྔོན་དཔག་ལས་བརྒལ་ཡོད། མི་མེད་གནམ་གྲུ་རྒྱ་ཁྱབ་ངང་སྤྱད་པ་དེས་ཞིང་ལས་ཐོན་སྐྱེད་དེ་བས་ནུས་ཆེ་དང་གནད་སྨིན་བྱུང་བ་མ་ཟད། ཚན་རྩལ་ཞིང་དར་གྱི་འདུ་ཤེས་ས་མཐོའི་ཞིང་ནང་དུ་རྩ་བ་ཚུགས་ཏེ་མྱུ་གུ་འབུས་ནས་ཞིང་ལས་སྤུས་འབྲས་ལེགས་གཉེར་ཡོང་བར་རམ་འདེགས་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།