《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་རྒྱ་ཡིག་དང་དབྱིན་ཡིག་གི་དཔར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
ཀྲུང་དབྱང་དྲིལ་བསྒྲགས་པུའུ(རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང)ཡིས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་དང་མཉམ་དུ་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་རྒྱ་ཡིག་དང་དབྱིན་ཡིག་གི་དཔར་མ་ཉེ་ཆར་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱས་པ་རེད། འདི་ནི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་རྒྱ་ཡིག་དང་དབྱིན་ཡིག་གི་དཔར་མ་སྤུས་མ་དང་དེབ་དཀྱུས་མ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་དྲིལ་བསྒྲགས་པུའུ(རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང)ཡིས་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་དང་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་དང་མཉམ་དུ་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་རྒྱ་ཡིག་དང་དབྱིན་ཡིག་གི་དཔར་མ་ཉེ་ཆར་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱས་པ་རེད།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཉིད་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་གྲུབ་པའི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་དང་། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་སྙིང་བཅུད་བཅས་ཡིན་ཞིང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་མཆོང་སྐྱོད་གསར་པ་ཡོང་བར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ཚན་རིག་དང་མཐུན་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད།
《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་དང་པོ་ནས་བཞི་པའི་བར་དཔེ་སྐྲུན་བྱས་པ་དེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཀྲུང་གོའི་འགྲོ་ལམ་དང་། ཀྲུང་གོའི་སྐྱོང་ལུགས། ཀྲུང་གོའི་རིགས་པའི་གཞུང་ལུགས་བཅས་ལ་གོ་བ་ལེན་པ་དང་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་བཞི་པ་དཔེ་སྐྲུན་བྱས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སྐྱོང་སྲིད་འཛིན་གྱི་ལག་ལེན་གསར་པར་འགོ་ཁྲིད་གནང་རིང་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་ཐོག་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་རབ་དང་རིམ་པར་ལན་སྔར་ལས་ལྷག་པ་བསྐྱོན་པ་དང་། དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པར་བརྟེན་ནས་ཏང་གི་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་གྲུབ་འབྲས་ཕུན་སུམ་ཚོགས་སུ་དང་གྲ་རྒྱས་སུ་བཏང་ཡོད།
《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2022ལོའི་ཟླ་5ཚེས་27ཉིན་ནས་2024ལོའི་ཟླ་12ཚེས་20ཉིན་བར་གནང་བའི་སྙན་སྒྲོན་དང་། གསུང་བཤད། གླེང་མོལ། གཏམ་བཤད། ཤིས་ཚིག གསུང་རྩོམ། མཛུབ་སྟོན་སོགས་གསུང་རྩོམ་ཁྱོན་91བསྡུས་པ་དེ་དག་ཆེད་དོན་18ལ་ཕྱེ་ཞིང་། གསུང་རྩོམ་ཁ་ཤས་ཡོངས་བསྒྲགས་སུ་སྤེལ་ཐེངས་དང་པོ་རེད། ཀློག་པ་པོ་ལྟ་བདེ་པོ་ཡོང་ཆེད་རྩོམ་སྒྲིག་བྱེད་སྐབས་དགོས་ངེས་ཀྱི་མཆན་འགྲེལ་བྱས་ཡོད། དེབ་འདིའི་ནང་ད་དུང་དུས་སྐབས་དེའི་རིང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐུ་པར་41བཀོད་ཡོད།
《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པར་ཛ་དྲག་དང་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་དང་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བར་སྔར་བས་ཇུས་འགོད་དང་སྐུལ་འདེད་གཏོང་བ། འགག་སྒྲོལ་དཀའ་སེལ་དང་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་རིང་གོམ་སྟབས་བརྟན་པོ་སྤོ་བར་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་གྱི་སྐོར་བཀོད་ཡོད། དེ་ལས“ཟུང་འབྲེལ་གཉིས”མཐའ་འཁྱོངས་དང་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་ཤོས་གཅིག་སྡུད་ཐོག་མངོན་ཡོད་ལ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་རང་རེའི་ཏང་གིས་སྐྱེས་སུ་ཕུལ་བའི་རིག་ལྡན་ཇུས་གཞིའང་གང་ལེགས་མངོན་ཡོད། འདི་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་འབྲས་གསར་ཤོས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་མངོན་པའི་དབང་གྲགས་ལྡན་པའི་གསུང་རྩོམ་ཞིག་རེད།
《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དེ་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་བས་སློབ་སྦྱོང་ལག་བསྟར་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་དེ་བས་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཀོད་པའི་བརྗིད་ཆེའི་འཆར་གཞི་མངོན་འགྱུར་བྱ་ཆེད། བློ་སེམས་གཅིག་སྒྲིལ་གྱིས་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགོངས་པ་གལ་ཆེན་འདིའི་འཕེལ་རྒྱས་གསར་ཤོས་དུས་ཐོག་ཏུ་རྒྱུས་ལོན་བྱེད་པར་རོགས་རམ་དང་། ཀྲུང་གོའི་འདུ་ཤེས་དང་། ཀྲུང་གོའི་ཇུས་གཞི། ཀྲུང་གོའི་བློ་རིག་བཅས་ལ་ཤེས་རྟོགས་བྱེད་ཟབ་ཏུ་གཏོང་བ། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་འཛུགས་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།