ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གི་ཚབ་བྱས་ཏེ་དོ་དམ་བྱེད་པའི་ཏང་དངུལ་ནས་སྒོར་དུང་ཕྱུར་1.4འབྲུབ་འགོག་དང་ཉེན་སེལ་གུད་སྐྱོབ་ལས་དོན་ལ་རྒྱབ་སྐྱོར་བྱེད་པར་བཏང་བ།
ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུབ་འགོག་དང་ཉེན་སེལ་གུད་སྐྱོབ་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གི་ཚབ་བྱས་ཏེ་དོ་དམ་བྱེད་པའི་ཏང་དངུལ་ནས་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་1.4བཏོན་ཏེ་པེ་ཅིང་དང་། ཧོ་པེ། ཅི་ལིན། ཧྲན་ཏུང་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་9ཡི་འབྲུབ་འགོག་དང་ཉེན་སེལ་གུད་སྐྱོབ་ལས་དོན་ལ་རྒྱབ་སྐྱོར་བྱེད་པར་བཏང་བ་རེད།
ཀྲུང་དབྱང་རྩ་འཛུགས་པུས་བླང་བྱ་བཏོན་དོན། ས་གནས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཏེ། གནོད་འཚེའི་གནས་ཚུལ་ལ་ནུས་ཤུགས་ཡོད་རྒུས་ཁ་གཏད་གཅོག་པ་དང་། འབྲུབ་འགོག་དང་ཉེན་སེལ་གུད་སྐྱོབ་ཀྱི་ལས་དོན་ཁག་ལེགས་པར་བསྒྲུབས་ནས་ཐོལ་བྱུང་གི་ཛ་དྲག་གནས་ཚུལ་ཐོན་ན་འཕྲལ་མར་བརྡ་ལན་ཞུ་བ་དང་འཕྲལ་དུ་ཐག་གཅོད་ཐུབ་པའི་འགན་ལེན་བྱེད་པ། རོགས་སྐྱོབ་ཀྱི་སྟོབས་ཤུགས་དང་གུད་སྐྱོབ་ཀྱི་དངོས་ཟོག་བཀོད་སྒྲིག་ཚན་རིག་དང་མཐུན་པར་བྱེད་པ། འབྲེལ་བ་ཆད་པ་དང་དཀའ་ཉེན་དུ་གྱར་བའི་མི་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་བྱེད་པ། ཉེན་ཁར་འཕྲད་པའི་མང་ཚོགས་འཕྲལ་ཐག་ཆོད་པོས་གནས་སྤོ་བཀོད་སྒྲིག་གིས་མི་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བཅས་བྱས་ནས། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་པ་དང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་མཐའ་ཚད་ཀྱི་བསམ་གཞིག་དང་། མཐར་ཟད་ཀྱི་བསམ་གཞིག་སྔར་བས་བརྟན་དུ་བཏང་ནས། ཆབ་སྲིད་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། འཕྲལ་སྡོམ་ལས་རེས་དང་སྔོན་ཚུད་ནས་བཀོད་འདོམས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ལྷུ་ཚིགས་ཞན་ས་དང་གཙོ་གནད་ཆེ་སར་དམ་འཛིན་ཤུགས་ཆེན་གྱིས་འབྲུབ་འགོག་གི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་ཡོང་བར་བྱེད་དགོས། རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་གདོང་མཆོང་དང་། གཡུལ་ས་ཡག་པོ་བསྲུངས་ཏེ། འབྲུབ་འགོག་དང་ཉེན་སེལ་གུད་སྐྱོབ་ལས་དོན་ཁྲོད་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་དགོས།
འབྲེལ་ཡོད་གསར་འགྱུར།