“ཀྲུང་གོ་ནས་ངས་འཛམ་གླིང་འཕེལ་རྒྱས་ཀྱི་འབྱུང་འགྱུར་ཚོར་བྱུང”
སི་ཕེན་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཧྲེང་ཏི་ཡཱ་ཀོ་ལ་བཅར་འདྲི་བྱས་པ།
འདི་ནི་སི་ཕེན་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཧྲེང་ཏི་ཡཱ་ཀོ་ཡིན་པ།
སི་ཕེན་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཨེན་ལི་ཁེ·ཧྲེང་ཏི་ཡཱ་ཀོ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“ཀྲུང་གོའི་གྲུབ་འབྲས་ལས་རྒྱལ་ཁབ་གཞན་དག་ལ་དཔྱད་གཞིར་འཛིན་ཆོག་པའི་འཕེལ་རྒྱས་གཏོང་སྟངས་གསར་པ་མཁོ་འདོན་བྱས་ཡོད”ཅེས་བརྗོད། ཉེ་ཆར། ཀྲུང་གོར་འཚམས་འདྲི་ཐེངས་དང་པོ་བྱེད་རིང་ཧྲེང་ཏི་ཡཱ་ཀོ་ཡིས་པེ་ཅིང་དང་། ཧྲང་ཧའེ། ཞུང་ཨན་ཁུལ་གསར་སོགས་སུ་འཚམས་འདྲི་བྱས་པ་དང་ཀྲུང་གོའི་འཕེལ་རྒྱས་མགྱོགས་པོ་དང་ནུས་ཆེའི་བཅོས་སྐྱོང་ལས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད། “ད་ཐེངས་ཀྲུང་གོར་འཚམས་འདྲི་བྱས་པ་ལས་ངས་འཛམ་གླིང་འཕེལ་རྒྱས་ལ་ཐོན་བཞིན་པའི་སྣང་ཚུལ་གཞན་ཞིག་མཐོང་བྱུང་ལ། ཀྲུང་གོའི་འབྱུང་འགྱུར་ཐད་ང་ལ་ཡིད་ཆེས་ཆེན་པོ་ཡོད”ཅེས་ཧྲེང་ཏི་ཡཱ་ཀོ་ཡིས་བརྗོད།
ཧྲང་ཧའེ་རུ་ཧྲེང་ཏི་ཡཱ་ཀོ་ཡིས་ཆ་འཕྲིན་ལག་རྩལ་དང་གློག་སྒུལ་རླངས་འཁོར་ཁེ་ལས་མང་པོ་ཞིག་ལ་ལྟ་སྐོར་བྱེད་སྐབས། ཀྲུང་གོའི་ན་གཞོན་ཚན་རིག་ཞིབ་འཇུག་པའི་གསོན་ཤུགས་དང་གསར་གཏོད་ནུས་པར་ང་རང་ཧང་སངས་བྱུང་། ཀྲུང་གོས་སློབ་གསོ་དང་ཤེས་ལྡན་པ་གསོ་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཀྲུང་གོའི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། དེས་ཀྲུང་གོའི་མི་ཐབས་རིག་ནུས་དང་། ནུས་རྒྱུ་གཙང་མ། རྩེར་སོན་བཟོ་སྐྲུན་ལས་རིགས་སོགས་ཁྱབ་ཁོངས་ཚང་མ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད་ཅེས་ཁོང་གིས་བརྗོད།
ཞུང་ཨན་ཁུལ་གསར་དུ་འཚམས་འདྲི་བྱེད་སྐབས་ཧྲེང་ཏི་ཡཱ་ཀོར་ས་གནས་དེའི་སྐྱེ་ཁམས་སྲུང་སྐྱོང་དང་གྲོང་ཁྱེར་འཛུགས་སྐྲུན་དབར་དོ་སྙོམས་རྒྱུན་འཁྱོངས་བྱེད་པར་དོ་སྣང་ཧ་ཅང་ཆེན་པོ་བྱུང་ཡོད། ཁོང་གིས་བལྟས་ན། ཞུང་ཨན་ཁུལ་གསར་ནི་ཁོར་ཡུག་མཛའ་མཐུན་རྣམ་པའི་གྲོང་ཁྱེར་འཛུགས་སྐྲུན་གྱི་དཔེ་མཚོན་ཞིག་རེད། ཁོང་གིས“ཞུང་ཨན་ཁུལ་གསར་གྱིས་ཆུ་ཚད་མཐོ་བའི་གྲོང་ཁྱེར་འཆར་འགོད་མངོན་འགྱུར་བྱས་པ་མ་ཟད། ད་དུང་འདམ་རའི་སྐྱེ་ཁམས་ལ་སྲུང་སྐྱོང་ནུས་ལྡན་ཡོང་བའི་འགན་ལེན་ཡང་བྱས་ཡོད། འདི་གར་གྲོང་ཁྱེར་འཕེལ་རྒྱས་དང་སྐྱེ་ཁམས་རྒྱུན་མཐུད་རང་བཞིན་གཅིག་ལ་གཅིག་བརྟེན་རེད་འདུག”ཀྲུང་གོ་སྲིད་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་མཐུན་སྦྱོར་མཉམ་སྤེལ་ལ་མཐོང་ཆེན་བྱས་པས་ཞུང་ཨན་ཁུལ་གསར་གྱིས་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་མཁོ་འདོན་བྱས་ཡོད་ཅེས་བརྗོད།
ཧྲེང་ཏི་ཡཱ་ཀོ་ཡིས་ངོས་འཛིན་བྱས་དོན། མིག་སྔའི་གོ་ལ་ཧྲིལ་པོར་གཏན་འཁེལ་མེད་པའི་རང་བཞིན་ཛ་དྲག་ཏུ་འགྲོ་བའི་རྒྱབ་ལྗོངས་འོག ཀྲུང་གོ་ནི་འཛམ་གླིང་ཡོ་ལངས་ཁྲོད་ཀྱི་བརྟན་ལྷིང་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད། ཁོང་གིས། ཀྲུང་གོས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་ཆེ་ཆུང་གང་ཞིག་ཡིན་རུང་ཕྱོགས་རིས་མེད་པར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་སོགས་རྒྱལ་སྤྱིའི་མཉམ་ལས་ལས་སྟེགས་བརྒྱུད་རྒྱལ་ཁབ་ཁག་ཐུན་མོང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་གི་ཡོད་ཅེས་དམིགས་སུ་བཀར་ནས་བརྗོད། “ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ནི་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་། མཉམ་ལས། གཉིས་ཕན་བཅས་ལ་བརྟེན་པ་ལས་ཕན་ཚུན་འགྲན་རྩོད་ཀྱི་གཏན་ཚིག་ཅིག་མ་ཡིན” ཁོང་གིས“ཀྲུང་གོས་ཞི་བདེར་བརྩི་འཇོག་བྱས་ནས་གོ་ལ་ཧྲིལ་པོའི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད” ཉེ་བའི་ལོ་ཤས་རིང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྱབ་ཁོངས་སུ་ཀྲུང་གོས་ལེགས་སྐྱེས་འབུལ་ཚད་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དཔེར་ན། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། རྒྱལ་སྤྱིའི་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་འགན་ལེན་སོགས་ཀྱི་ཐད་ཐག་གཅོད་ཀྱི་ཇུས་གཞི་མང་པོ་མཁོ་འདོན་བྱས་པ་ལས་ཀྲུང་གོ་འདི་ཉིད་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་བ་མཚོན་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།