ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྲོས་མོལ་སུའེ་ཏེན་གྱི་སི་ཐོག་ཁོར་མོ་རུ་བྱས་པ།
ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་28དང་ཚེས་29ཉིན་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྱི་ཀྲུང་གོ་ཕྱོགས་ཀྱི་སྣེ་ཁྲིད་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་གིས་ཨ་རི་ཕྱོགས་ཀྱི་སྣེ་ཁྲིད་པ་དང་ཨ་རིའི་ནོར་སྲིད་པུའུ་ཀྲང་པེ་སེན་ཐེ་དང་དེ་བཞིན་ཚོང་དོན་འཐུས་མི་ཀེ་ལིར་དང་མཉམ་དུ་སུའེ་ཏེན་གྱི་སི་ཐོག་ཁོར་མོ་རུ་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྲོས་མོལ་གནང་བ་རེད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བ་དང་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་སོགས་ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་དཔལ་འབྱོར་ཚོང་དོན་གྲོས་གཞིའི་ཐད་ལྷག་བསམ་ཟོལ་མེད་དང་། གཏིང་ཟབ་པ། དགེ་མཚན་ལྡན་པ་བཅས་ཀྱི་སྤེལ་རེས་བྱས་པ་དང་ཀྲུང་གོ་དང་ཨ་རིའི་རི་ནེ་ཝའི་དཔལ་འབྱོར་ཚོང་དོན་གྲོས་མོལ་གྱི་ཐུན་མོང་ངོས་འཛིན་དང་ལོན་ཏོན་གྱི་སྒྲོམ་གཞི་དོན་འཁྱོལ་བྱས་ཚུལ་ལ་ཕྱིར་དྲན་དང་དེར་ཁས་ལེན་བྱས་པ་རེད། གྲོས་མོལ་གྱི་ཐུན་མོང་ངོས་འཛིན་གཞིར་བཟུང་། ཕྱོགས་གཉིས་པོས་མཚམས་འཇོག་བྱས་པའི་ཨ་རི་ཕྱོགས་ཀྱི་སྒོ་ཁྲལ་འདྲ་མཚུངས་ཀྱི་24%དང་དེ་བཞིན་ཀྲུང་གོ་ཕྱོགས་ཀྱིས་ཟློག་ལན་སློག་པའི་བྱེད་ཐབས་དུས་བཀག་བཞིན་ཉིན་90མུ་མཐུད་རིང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
ཧོ་ལི་ཧྥུང་གིས། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་ཚོགས་པས་ཟླ་6ཚེས་5ཉིན་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་ཞལ་པར་བསྐྱོན་རེས་གནང་བའི་ཐུན་མོང་ངོས་འཛིན་གལ་ཆེན་མཛུབ་ཁྲིད་དུ་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་གཉིས་ཁེ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་ཀྱིས་རང་རང་སོ་སོའི་དོ་ཁུར་ལ་བརྩི་འཇོག་བྱས་ནས་ཐུན་མོང་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ་དང་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་དགོས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ཐད་ཀྲུང་གོ་ཕྱོགས་ཀྱིས་འཛིན་པའི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་གཅིག་མཚུངས་ཡིན་པ་དང་། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ངོ་བོ་ནི་གཉིས་ཁེ་གཉིས་ཕན་ཡིན་པ། ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་སུ་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་དང་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་ཡོད་པས། ཀྲུང་གོ་དང་ཨ་རིའི་དབར་མཐུན་ན་གཉིས་ཕན་ཡོང་བ་དང་འཐབ་ན་གཉིས་ཀར་གནོད་འཚེ་ཕོག་སྲིད། བརྟན་ལྷིང་དང་། སྐྱོན་བྲལ། རྒྱུན་མཐུད་བཅས་ཀྱི་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བ་ནི་རང་རང་སོ་སོའི་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ལ་ཕན་ཐོགས་ཡོད་པ་མ་ཟད། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་བར་ཡང་ཕན་ཐོགས་ཡོད། གོམ་སྟབས་རྗེས་མར། ཕྱོགས་གཉིས་པོས་མུ་མཐུད་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་ཞལ་པར་བསྐྱོན་རེས་གནང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་གཞིར་བཟུང་། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྲོས་མོལ་ལམ་སྲོལ་གྱི་ནུས་པ་གང་ལེགས་བཏོན་ཏེ་ཐུན་མོང་གི་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། གོ་འཛོལ་ཉུང་དུ་གཏོང་བ། མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སྐད་ཆ་ཤོད་རེས་དང་གྲོས་མོལ་སྔར་བས་ཟབ་ཏུ་གཏོང་བ་བཅས་བྱས་ནས་གཉིས་ཕན་གྱི་གྲུབ་འབྲས་དེ་བས་མང་བ་རྒྱུན་ཆད་མེད་པར་བརྩོན་ལེན་བྱ་རྒྱུ་རེད་ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།