དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས།

    སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོག་རྒྱུའི་གཏན་འཁེལ་བྱས་པ་དང་མིག་སྔའི་དཔལ་འབྱོར་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ།

    ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-08-01

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས། འདི་ལོའི་ཟླ་བ་བཅུ་པར་པེ་ཅིང་དུ་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོག་རྒྱུའི་གཏན་འཁེལ་བྱས་ཤིང་། གྲོས་རིམ་གཙོ་བོ་ནི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་ཨུ་ལྷན་ལ་ལས་དོན་སྙན་སེང་ཞུ་རྒྱུ་དང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་གྲོས་འགོར་ཞིབ་འཇུག་བྱ་རྒྱུ་རེད། ཚོགས་འདུའི་ཐོག་མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་དང་ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་བསྟན་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་ཤིག་ཡིན་ཞིང་། རང་རྒྱལ་གྱི་འཕེལ་རྒྱས་ཁོར་ཡུག་ལ་གཏིང་ཟབ་པ་དང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འཕྲད་པ་དང་། འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་དུ་གནས་པ། གཏན་འཁེལ་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད། དེ་དང་ཆབས་ཅིག རང་རྒྱལ་གྱི་དཔལ་འབྱོར་རྨང་གཞི་བརྟན་པོ་དང་། ལེགས་ཆ་མང་བ། མཉེན་ཆ་ཆེ་བ། མི་མངོན་པའི་སྟོབས་ཤུགས་ཆེ་བ་བཅས་ཡུན་རིང་ལེགས་སུ་འགྲོ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་དང་། གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རའི་ལེགས་ཆ། ཆ་ཚང་བའི་ཐོན་ལས་མ་ལག་གི་ལེགས་ཆ། ཕུན་སུམ་ཚོགས་པའི་ཤེས་ལྡན་པའི་ཐོན་ཁུངས་ཀྱི་ལེགས་ཆ་བཅས་དེ་བས་མངོན་གསལ་དོད་དུ་སོང་ཡོད། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁ་ཐོབ་ངེས་པའི་ཡིད་ཆེས་ཆེ་རུ་གཏོང་བ། འགྱུར་ལྡོག་ལ་ངོས་འཛིན་དང་། འགྱུར་ལྡོག་ལ་བསྟུན་པ། འགྱུར་ལྡོག་ཡོང་ཐབས་བཅས་ཧུར་ཐག་བྱེད་པ། སྟོབས་ཤུགས་གཅིག་བསྡུས་ཀྱིས་རང་ཉིད་ཀྱི་བྱ་བ་ལེགས་པར་སྒྲུབ་པ། རྒྱལ་སྤྱིའི་འགྲན་རྩོད་དྲག་པོའི་ཁྲོད་འཐབ་ཇུས་ཀྱི་རང་འགུལ་ཐོབ་པ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་ལས་འགན་ཐད་ཚད་བརྒལ་གལ་ཆེན་ཐུབ་པར་སྐུལ་འདེད་གཏོང་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཐའ་འཁྱོངས་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་དམིགས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལྟེ་བའི་ལས་འགན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་སྤྱི་འདོམས་ངང་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་སྐྲུན་པ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་སྤྱི་འདོམས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱེད་པ། དཔལ་འབྱོར་གྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་དང་གྲངས་ཚད་འོས་འཚམ་ངང་འཕར་རྒྱུར་སྐུལ་འདེད་གཏོང་བ། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བ་དང་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བའི་གོམ་སྟབས་བརྟན་པོ་སྤོ་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདི་ལོ་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་འགག་སྒྲོལ་དཀའ་སེལ་བྱས་ནས་དེ་བས་དགེ་མཚན་ལྡན་ལ་ཕན་ནུས་ལྡན་པའི་གཞི་ཆེའི་སྲིད་ཇུས་ལག་བསྟར་ཧུར་ཐག་བྱས་པས། རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་བརྟན་ཐོག་ཡར་འཕེལ་བྱུང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། དཔལ་འབྱོར་དམིགས་ཚད་གཙོ་བོའི་མཚོན་ཚུལ་ལེགས་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ཡག་པོ་བྱུང་བ།  སྒྱུར་བཅོས་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་ནུས་ལྡན་བྱུང་བ། དམངས་འཚོའི་ཐ་སྐྱོང་འགན་སྲུང་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་པ། རང་རྒྱལ་གྱི་དཔལ་འབྱོར་ལ་གསོན་ཤུགས་དང་ལྡེམ་ཤུགས་ཆེན་པོ་ལྡན་པ་བཅས་མངོན་ཡོད།

    ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་ལ་སྔར་བཞིན་ཉེན་ཁ་དང་འགྲན་སློང་མི་ཉུང་བ་འཕྲད་ཡོད་པས། དུས་བབ་ཁོང་དུ་ཡང་དག་ཆུད་པ་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་གོ་སྐབས་དང་། མི་མངོན་པའི་སྟོབས་ཤུགས། ལེགས་ཆ་བཅས་ཡག་པོ་སྤྱད་ནས། དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བའི་འཕེལ་ཕྱོགས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལོ་སྨད་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་པ། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས། སྟབས་བསྟུན་རང་བཞིན་དང་སྔོན་དཔག་རང་བཞིན་ཆེ་རུ་གཏོང་བ། ལས་ཞུགས་དང་། ཁེ་ལས། ཁྲོམ་ར། སྔོན་དཔག་བཅས་བརྟན་པོ་ཡོང་བར་ཤུགས་སྣོན། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ལ་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱས་ནས། “ལོ་ལྔ་ཚན་བཅུ་བཞི་པའི”མཇུག་བདེ་བླག་ངང་བསྡུ་དགོས།

    ཚོགས་འདུའི་ཐོག་བསྟན་དོན། གཞི་ཆེའི་སྲིད་ཇུས་ལ་རྒྱུན་མཐུད་དང་དུས་ཐོག་ཏུ་ཤུགས་རྒྱག་དགོས་ཤིང་། དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་དང་འོས་འཚམ་ལྷུག་གཏོང་གི་དངུལ་ལོར་སྲིད་ཇུས་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། སྲིད་ཇུས་ཀྱི་ཕན་ནུས་གང་ལེགས་འདོན་དགོས། སྲིད་གཞུང་གི་བུན་འཛིན་འགྲེམས་སྤེལ་དང་བེད་སྤྱོད་གང་མགྱོགས་བྱས་ནས་མ་དངུལ་སྤྱོད་གོ་ཆོད་ཚད་ཆེ་རུ་གཏོང་དགོས། གཞི་རིམ་གྱི“འགན་ལེན་གསུམ”གྱི་མཐའ་ཚད་བརྟན་པོར་སྲུང་དགོས། དངུལ་ལོར་སྲིད་ཇུས་ཐད་འཁོར་རྒྱུག་རང་བཞིན་འདང་ངེས་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་ཆག་པར་སྐུལ་འདེད་གཏོང་དགོས། གྲུབ་ཆའི་རང་བཞིན་གྱི་དངུལ་ལོར་སྲིད་ཇུས་ཀྱི་ལག་ཆ་ཁག་ཡག་པོ་སྤྱད་དེ་ཚན་རྩལ་གསར་གཏོད་དང་། འཛད་སྤྱོད་འཕེལ་རྒྱས། ཕྲན་ཚེགས་ཁེ་ལས། ཕྱི་ཕྱོགས་ཚོང་དོན་བརྟན་གཏོང་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དཔལ་འབྱོར་གྱི་ཞིང་ཆེན་ཆེན་པོས་གཙོ་འགན་གྱི་ནུས་པ་འདོན་པར་རྒྱབ་སྐྱོར་བྱེད་དགོས། གཞི་ཆེའི་སྲིད་ཇུས་ཀྱི་བླང་ཕྱོགས་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ནང་མཁོའི་མི་མངོན་པའི་སྟོབས་ཤུགས་ནུས་ལྡན་འདོན་དགོས་ཤིང་། འཛད་སྤྱོད་འཕེལ་བའི་ཆེད་དོན་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་ཏེ། ཚོང་ཟོག་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་དུས་མཚུངས། ཞབས་ཞུའི་འཛད་སྤྱོད་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་དགོས། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཁྲོད་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་གཏོང་དགོས། “གཙོ་གཉིས”འཛུགས་སྐྲུན་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་བཏང་ནས་དམངས་ཁྲོད་མ་འཇོག་གི་གསོན་ཤུགས་འཕེལ་བར་བྱས་ཏེ་ནུས་ལྡན་མ་འཇོག་རྒྱ་ཆེར་གཏོང་དགོས།

    ཚོགས་འདུའི་ཐོག་བསྟན་དོན། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་ཟབ་ཏུ་གཏོང་དགོས་ཤིང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་སྣེ་ཁྲིད་མཐའ་འཁྱོངས་བྱས་ནས། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་གསར་དར་ཀ་རྟེན་ཐོན་ལས་སྐྱེད་སྲིང་མགྱོགས་པོ་བྱས་ཏེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་འཛུགས་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཁྲོམ་རའི་འགྲན་རྩོད་སྒྲིག་ལམ་རྒྱུན་མཐུད་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཁྲིམས་དང་སྒྲིག་སྲོལ་ལྟར་ཁེ་ལས་ཀྱི་གོ་རིམ་མེད་པའི་འགྲན་རྩོད་བྱེད་སྟངས་ལ་བཅོས་སྒྲིག་བྱེད་དགོས། གཙོ་གནད་ལས་རིགས་ཀྱི་ཐོན་ནུས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ས་གནས་ཀྱི་ཚོང་འགུགས་མ་འདྲེན་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱས་ནས་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་དངུལ་གྱི་གཞི་གདན་བརྟན་པོ་ཡོང་བར་བྱེད་དགོས་ཤིང་། རྡབ་རྡེག་ཅུང་ཆེན་པོ་ཕོག་པའི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་རོགས་རམ་བྱས་ནས་མ་དངུལ་བསྡུ་སྒྲིལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཕྱི་ནང་ཚོང་དོན་གྱི་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཕྱིར་གཏོང་ཁྲལ་སློག་སྲིད་ཇུས་ལེགས་སུ་བཏང་ནས་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་སོགས་སྒོ་འབྱེད་ལས་སྟེགས་ཆུ་ཚད་མཐོ་པོས་སྐྲུན་དགོས།

    ཚོགས་འདུའི་ཐོག་བསྟན་དོན། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་མུ་མཐུད་འགོག་སེལ་བྱེད་དགོས་ཤིང་། ཀྲུང་དབྱང་གྲོང་ཁྱེར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ཏེ་སྤུས་ཚད་མཐོ་པོས་གྲོང་ཁྱེར་གསར་སྒྱུར་བྱེད་དགོས། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་ཧུར་ཐག་དང་གཟབ་ནན་ངང་སེལ་བ་དང་། མངོན་མེད་བུ་ལོན་གསར་པ་འཕར་རྒྱུ་བཀག་སྡོམ་བྱས་ཏེ། ནུས་ལྡན་དང་། གོ་རིམ་ལྡན་པ། ནུས་ཆེ་བཅས་ཀྱི་སྒོ་ནས་ས་གནས་ཀྱི་མ་དངུལ་བསྡུ་སྒྲིལ་ལས་སྟེགས་གཙང་བཤེར་ཡོང་བར་སྐུལ་འདེད་གཏོང་དགོས། རྒྱལ་ནང་གི་མ་རྩའི་ཁྲོམ་རའི་ཡིད་དབང་འགུག་ཤུགས་དང་ཁོང་ཡངས་རང་བཞིན་ཆེ་རུ་གཏོང་བ་དང་མ་རྩའི་ཁྲོམ་ར་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་སྲ་བརྟན་དུ་གཏོང་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དམངས་འཚོ་འགན་སྲུང་གི་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་། ལས་ཞུགས་སྔོན་ལ་འཛིན་པའི་སྲིད་ཇུས་ཀྱི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱས་ནས། མཐོ་སློབ་སློབ་ཐོན་སློབ་མ་དང་། དམག་ཞབས་ཐིམ་པའི་དམག་མི། ཞིང་པ་ལས་མི་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས། དམངས་ཕན་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་རིམ་དབྱེ་དང་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། “ཞིང་གསུམ”གྱི་རྨང་གཞི་བརྟན་དུ་བཏང་ནས་འབྲུ་རིགས་དང་ཞིང་ཞོར་ཐོན་རྫས་གཙོ་བོའི་རིན་གོང་ལུགས་མཐུན་གྱི་ཆུ་ཚད་དུ་རྒྱུན་འཁྱོངས་ཐུབ་པར་སྐུལ་འདེད་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་པོ་མི་ཐོན་པའི་འགན་ལེན་བྱེད་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་ཨང་དང་པོར་བཞག་ནས། བདེ་འཇགས་ཐོན་སྐྱེད་དང་བཟའ་བཅའི་བདེ་འཇགས་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་སྟེ། འབྲུབ་འགོག་དང་འཕྲལ་སྡོམ་ཉེན་སྐྱོབ་གེགས་སེལ་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབས་ཏེ། དབྱར་གློག་སྙོམ་སྒྲིག་རིང་གི་ནུས་ཁུངས་དང་གློག་ཤུགས་མཁོ་སྤྲོད་འགན་ལེན་བྱེད་དགོས། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བའི་ལས་དོན་ལེགས་པར་སྒྲུབ་དགོས།

    ཚོགས་འདུའི་ཐོག་བསྟན་དོན། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་གང་ལེགས་འཕེལ་བར་བྱེད་དགོས་ཤིང་། འགོ་ཁྲིད་ལས་བྱེད་པས་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ་དང་ལག་ལེན་བསྟར་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལྟར་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་དགོས། ཁེ་ལས་པས་དཔའ་ངར་ཆེན་པོས་མདུན་གྲལ་དུ་ལངས་ཏེ་སྤུས་ལེགས་ཀྱི་ཐོན་རྫས་དང་ཞབས་ཞུར་བརྟེན་ནས་ཁྲོམ་རའི་འགྲན་རྩོད་ཀྱི་རང་འགུལ་ཐོབ་པར་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ཡག་པོ་སྤྱད་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ནུས་ཆེན་པོ་སྣོན་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།