འབྲུབ་འགོག་དང་ཉེན་སེལ་གུད་སྐྱོབ་ཀྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བ།
ཉེ་ཆར་ཧྭ་ཤར་དང་། ཧྭ་བྱང་། བྱང་ཤར་སོགས་ས་ཁུལ་དུ་དྲག་ཆར་བསྟུད་མར་བབས་ནས་ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ་ཐོན་ཏེ། ས་ཁུལ་མང་པོ་ཞིག་དུ་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་ཕོག་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག འབྲེལ་ཡོད་ས་གནས་དང་སྡེ་ཚན་གྱིས་དེ་མ་ཉིད་དུ་བརྡ་ལན་བཏང་བ་དང་ཐག་གཅོད་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་འབྲུབ་འགོག་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་བྱས་པ་རེད། མིག་སྔར། འབྲུབ་འགོག་དང་ཉེན་སེལ་གུད་སྐྱོབ་ཀྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་ཏེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་བཞིན་ཡོད་པ་རེད།
ཟླ་7ཚེས་28ཉིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ལ་དམིགས་ཏེ། འབྲུབ་འགོག་གི་འཕྲལ་སྡོམ་བརྡ་ལན་རིམ་པ་གསུམ་པར་སྤར་བ་དང་། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་གཞུང་དོན་ཁང་གིས་ལས་དོན་ཚོགས་ཆུང་གསུམ་ཞིང་ཆེན་དང་གྲོང་ཁྱེར་གསུམ་གྱི་འཐབ་ས་དང་པོར་འབྲུབ་འགོག་གེགས་སེལ་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་པ་རེད། རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་གིས་རྒྱལ་ཁབ་ཀྱི་གེགས་སེལ་འཕྲལ་སྡོམ་བརྡ་ལན་རིམ་པ་བཞི་པ་ལག་ལེན་བསྟར་བ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་སྔོན་རྩིས་ནས་མ་དངུལ་སྒོར་ཁྲི་5000འཕྲལ་མར་བཏང་སྟེ་ཧོ་པེས་དྲག་ཆར་དང་ཆུ་ལོག་གི་གནོད་འཚེའི་རྗེས་ཀྱི་འཕྲལ་སྡོམ་སླར་གསོའི་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་པ་རེད།
ཚེས་28ཉིན། པེ་ཅིང་གྲོང་ཁྱེར་འབྲུབ་འགོག་བཀོད་འདོམས་པུས་གྲོང་ཁྱེར་ཡོངས་ལ་འབྲུབ་འགོག་གི་འཕྲལ་སྡོམ་བརྡ་ལན་རིམ་པ་དང་པོ་ལག་ལེན་བསྟར་ཞིང་། སློབ་གྲྭ་ཁག་གི་དྲ་ཕྱིའི་སློབ་ཁྲིད་བྱེད་སྒོ་དང་ཕྱི་རོལ་གྱི་སློབ་ཁྲིད་བྱེད་སྒོ་ཚང་མ་མཚམས་འཇོག་བྱས་པ་དང་། མཛེས་ལྗོངས་ཁུལ་དང་། སྤྱི་གླིང་། ནགས་ར་སོགས་ཚང་མ་སྒོ་བརྒྱབ་ནས་ཉེན་ཁ་འཕྲད་པའི་ཡུལ་སྐོར་བའི་ཁ་འགྲེམས་ཉེན་གཡོལ་ལས་དོན་ཡག་པོ་སྤེལ་ཡོད་པ་རེད། ཐེན་ཅིན་གྲོང་ཁྱེར་འཆར་འགོད་དང་རང་བྱུང་ཐོན་ཁུངས་ཅུས་ཀྱིས་ཐེན་ཅིན་གྲོང་ཁྱེར་གནམ་གཤིས་ལས་ཁུངས་དང་མཉམ་དུ་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་སྔོན་བརྡ་བཏང་བ་རེད། ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་ལོན་ཕིང་རྫོང་མཱ་ཡིང་ཙི་མན་ཇུ་རིགས་ཤང་ཤིས་ཀོའུ་གྲོང་ཚོར་དྲག་ཆར་བབས་པའི་རྐྱེན་གྱིས་རི་ཉིལ་བས། ས་གནས་དེས་འཕྲལ་དུ་མི་སྣ་སྒྲིག་འཛུགས་བྱས་ཏེ་རོགས་སྐྱོབ་བྱས་པ་དང་། འབྲེལ་ཡོད་རོགས་སྐྱོབ་མི་སྣ་ས་ཡུལ་དངོས་སུ་འབྱོར་ནས་འབྲེལ་ཆད་མི་སྣ་འཚོལ་སྐྱོབ་བྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།