བཟོ་ལས་དང་ཆ་འཕྲིན་ཅན་གྱི་ཁྱབ་ཁོངས་སུ།
རེས་སྐོར་གསར་པའི་གཙོ་གནད་ལས་རིགས་ཆེན་པོ་བཅུ་འཕེལ་རྒྱས་བརྟན་པོ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱ་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ད་ལོའི་ལོ་སྨད་དུ་བཟོ་ལས་དང་ཆ་འཕྲིན་ཅན་གྱི་ཁྱབ་ཁོངས་སུ་ནང་མཁོ་རྒྱ་ཆེར་གཏོང་བའི་འཐབ་ཇུས་དོན་འཁྱོལ་བྱས་ནས་ནུས་ཤུགས་ཡོད་རྒུས་བཟོ་ལས་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་དུ་གཏོང་རྒྱུ་རེད། དེའི་ནང་རེས་སྐོར་གསར་པའི་གཙོ་གནད་ལས་རིགས་ཆེན་པོ་བཅུ་འཕེལ་རྒྱས་བརྟན་པོ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱས་ནས་བཟོ་ལས་ཞིང་ཆེན་ཆེན་པོའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ་དང་། མི་ཐབས་རིག་ནུས་ཀྱི་མཐའ་སྣེ་དང་། ཆེས་རབ་གསལ་བརྙན་ལམ། རིག་ནུས་གོས་རྒྱན། མི་མེད་གནམ་གྲུ་སོགས་ལག་རྩལ་གསར་སྤེལ་དང་བཀོལ་སྤྱོད་ཁྱབ་གདལ་མགྱོགས་སུ་གཏོང་རྒྱུ། ཁེ་ལས་ཀྱི་ཆད་དངུལ་གཙང་སེལ་བྱ་སྤྱོད་སོགས་ལ་མགྱོགས་མྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་བཅས་རེད།
བཟོ་ལས་དང་ཆ་འཕྲིན་ཅན་པུའི་འགན་འཁུར་བ་གཙོ་བོས། གཙོ་གནད་ཐོན་ལས་འཁོར་འབྲེལ་ལ་རང་བདག་ཚོད་འཛིན་ཐུབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གཏེར་རྫས་ཐོན་ཁུངས་འགན་སྲུང་ལ་ཤུགས་སྣོན་བརྒྱབ་སྟེ་ཐོན་ལས་གཞན་སྒྱུར་སྦྲེལ་མཐུད་བྱེད་སྒོ་མུ་མཐུད་ཡག་པོ་སྤེལ་དགོས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མི་དབྱིབས་འཕྲུལ་མི་དང་། ཟོག་འབྲེལ་དྲ་རྒྱ། རྩེར་སོན་དཔྱད་ཆས་སོགས་ཐོན་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་བཟོ་ལས་རིག་གནས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། རྨང་གཞིའི་མཉེན་ཆས་དང་བཟོ་ལས་མཉེན་ཆས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་རིམ་པའི་མི་ཐབས་རིག་ནུས་ཁུངས་གསལ་སྡེ་ཁུལ་འཛུགས་སྐྲུན་བྱས་ཏེ། “མི་ཐབས་རིག་ནུས་དང་བཟོ་སྐྲུན་ཟུང་དུ་འབྲེལ་བའི”བྱ་སྤྱོད་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་དགོས།
འབྲེལ་ཡོད་གསར་འགྱུར།