ཟླ་6པར་རྒྱལ་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁག་27977ཞིབ་བཤེར་ཐག་གཅོད་བྱས་པ།
ཟླ་7ཚེས་28ཉིན། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲ་ཚིགས་ཐོག་རྒྱལ་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་ཚུལ་གྱི་ཟླ་རེའི་སྙན་ཞུའི་གྲངས་གཞི་ཁྱབ་བསྒྲགས་བྱས་པ་རེད། བརྡ་ཁྱབ་ནང་མངོན་པར་གཞིགས་ན། ད་ལོའི་ཟླ་6པར། རྒྱལ་ཡོངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁག་27977ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི་37217(ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་1དང་ས་གནས་དང་ཐིང་རིམ་པའི་ལས་བྱེད་པ་112ཚུད་པ)ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་ཐག་གཅོད་བྱས་པ། མི་25871ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་ཆད་པ་བཅད་པ་རེད།
བརྡ་ཁྱབ་ལ་གཞིགས་ན། ད་ལོའི་ཟླ་6པར་རྒྱལ་ཡོངས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ཁག་14106ཞིབ་བཤེར་ཐག་གཅོད་བྱས་པ་དང་མི་19067ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་ཐག་གཅོད་བྱས་པ་རེད། དེའི་ནང“རང་འགན་གཙང་སྒྲུབ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ལ་འགན་མི་འཁུར་བ་དང་། དགོས་པའི་ལས་མི་བྱེད་པ། མི་དགོས་ལས་རྙོག་བཟོ་བ། ལས་དོན་སྒྲུབ་ཁུལ་བྱེད་པ་བཅས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་པའི”ཐད་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་མང་ཤོས་ཡིན་ཞིང་། གནད་དོན་ཁག་11773ཞིབ་བཤེར་ཐག་གཅོད་བྱས་པ་དང་མི་16112ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་ཐག་གཅོད་བྱས་པ་རེད།
བརྡ་ཁྱབ་ལ་གཞིགས་ན། ད་ལོའི་ཟླ་6པར། རྒྱལ་ཡོངས་ནས་སྐྱིད་འདོད་རིང་ལུགས་དང་བག་མེད་རྒྱས་སྤྲོས་ཀྱི་སྤྱོད་ཚུལ་སོགས་ཀྱི་གནད་དོན་ཁག་13871ཞིབ་བཤེར་ཐག་གཅོད་བྱས་པ་དང་མི་18150ལ་སྐྱོན་བརྗོད་སློབ་གསོ་བཏང་བ་དང་ཐག་གཅོད་བྱས་པའི་ནང་སྒྲིག་འགལ་ངང་རྩ་ཆེའི་ཁྱད་ལྡན་ཐོན་རྫས་དང་ལག་རྟགས་དང་འབུལ་རྟེན་སྤྲོད་ལེན་གྱི་གནད་དོན་ཁག་6997དང་། སྒྲིག་འགལ་ངང་ཕོགས་སྣོན་ནམ་ཡང་ན་ཕན་བདེའི་གྲོན་དངུལ་སྤྲད་པའི་གནད་དོན་ཁག་1727དང་། སྒྲིག་འགལ་ངང་བཟའ་བཏུང་བྱས་པའི་གནད་དོན་ཁག་3438བཅས་ལ་ཞིབ་བཤེར་ཐག་གཅོད་བྱས་པ་ཚུད་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།