དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲལ་སྒོར་ཚོགས་འདུ་སྐབས་གཉིས་པ་པར་ཙིར་གྱི་ཧྲེང་པའོ་ལུའོ་རུ་འཚོགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧྲི་ཡོན་ཧའོ།   |     སྤེལ་དུས།  2025-07-31

    ཉེ་ཆར། “ཀྲུང་ལའི་ལས་དབང་གཅིག་མཐུན་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་ལའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གྲལ་སྒོར་ཚོགས་འདུ་སྐབས་གཉིས་པ་པར་ཙིར་གྱི་ཧྲེང་པའོ་ལུའོ་རུ་འཚོགས་ཤིང་། ཀྲུང་གོས་ལ་ཏིང་མེ་གླིང་དང་ཅ་ལེ་པི་ས་ཁུལ་ནས་ཡོང་བའི་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་དཔོན་རིགས་དང་། རིགས་གཅིག་མཁས་ཅན། མཁས་དབང་། དེ་བཞིན་འབྲེལ་ཡོད་སྤྱི་ཚོགས་རྩ་འཛུགས་དང་། རིག་མཛོད། སྨྱན་སྦྱོར་བཅས་ཀྱི་འཐུས་མི་130ལྷག་ཙམ་གྱིས“གྲངས་རིག་དུས་རབས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང”དང་། “ཁོར་ཡུག་དང་གནམ་གཤིས་དང་འགྲོ་བ་མིའི་ཐོབ་ཐང”“ཀྲུང་ལས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་འབུལ་བའི་ལེགས་སྐྱེས”སོགས་ཀྱི་གྲོས་གཞིར་དམིགས་ནས་གྲོས་བསྡུར་བྱས་པ་རེད། ཚོགས་ཞུགས་འཐུས་མིས་ཀྲུང་གོས་རང་ཉིད་ཀྱི་ལག་ལེན་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། གྲངས་འཛིན་ལག་རྩལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་ཁོར་ཡུག་དང་གནམ་གཤིས་བཅོས་སྐྱོང་དེ་མིའི་རིགས་ཀྱི་ལས་དབང་དང་འབྲེལ་བ་ཆེན་པོ་ཡོད་པའི་མིག་སྔར། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཁག་གིས་མུ་མཐུད་མཉམ་ལས་བྱས་ཏེ། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་རྒྱ་ཁྱབ་ཏུ་བྱས་པ་རེད།

    ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཝང་ཡན་ཝུན་གྱིས་བརྗོད་པར། ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་འགྲོ་བ་མིའི་ཐོབ་ཐང་གི་འདུ་ཤེས་ལག་ལེན་བསྟར་ཏེ། འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཨང་དང་པོར་བརྩིས་ནས། འགྲོ་བ་མིའི་ཐོབ་ཐང་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་མཐུན་སྦྱོར་སྐུལ་འདེད་དང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་གི་ཡོད། ཀྲུང་ལས་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་མཉམ་ལས་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་རྒྱུན་འཁྱོངས་བྱས་ནས་གྲངས་རིག་ལག་རྩལ་དགེ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཁོར་ཡུག་བཅོས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་ཀྱིས་མིའི་རིགས་ཡོངས་བདེ་སྐྱིད་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་དེ་བས་གཞུང་དྲང་དང་། དྲང་གཞག ལུགས་མཐུན། བསྟུན་མཁས་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    ཀེ་རེན་ན་ཏ་རྒྱལ་ཁབ་སྐྱིན་ཚབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཨ་ལི·ཅིར་གྱིས་བརྗོད་དོན། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་དང་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་གཉིས་ཁ་འབྲལ་ཐབས་མེད། འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་སུ་ཀྲུང་གོ་དང་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད།

    ལྷོ་ཕྱོགས་ཐུན་མོང་ཁྲོམ་རའི་དབྱི་ཧུའེ་གྲོས་ཚོགས་འགྲོ་བ་མིའི་ཐོབ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཝུའེ་ཏོ་ལི་ཡ·ཕེ་ལེ་ཙི་ཡིས་བརྗོད་དོན། “ཀྲུང་གོས་དབུལ་སྐྱོར་འགག་སྒྲོལ་གྱི་རྒྱལ་ཁ་བདེ་བླག་ངང་བླངས་ཡོད། དབུལ་པོ་དུང་ཕྱུར་ཁ་ཤས་ཚང་མ་དབུལ་སྒྲོལ་ཐུབ་པའི་རླབས་ཆེན་གྲུབ་འབྲས་དེ་མ་གཞི་ནས་འགྲོ་བ་མིའི་ཐོབ་ཐང་དང་མིའི་རིགས་ཀྱི་ལར་རྒྱ་སྲུང་སྐྱོང་ནུས་ལྡན་བྱས་པ་ཞིག་རང་རེད”ཅེས་དང་། ཀྲུང་གོས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱིས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་ལྟ་ཕྱོགས་གསར་པ་མཁོ་འདོན་བྱས་ཡོད། “ང་ཚོས་ལས་དབང་གཅིག་ཏུ་འབྲེལ་བ་ཤེས་པ་དང་། མི་རིགས་ཚང་མས་སྤྱི་ཚོགས་དྲང་གཞག་དྲང་བདེན་དོན་གཉེར་བྱེད་པའི་བགྲོད་ལམ་ཐོག་གི་རང་ཚུགས་གདམ་གར་བརྩི་འཇོག་བྱས་ཚེ། གཞི་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོང་དངོས་འབྲེལ་བྱེད་ཐུབ”

    པར་ཙིར་ཧྥུ་ལུའུ་སྨི་ནེན་སའེ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ། རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཨའེ་ཝན་ཏེ་ལུའོ·ཁ་ཝ་ལུའེ་ཡིས་གསར་འགོད་པར། “རྒྱུན་མཐུད་འཕེལ་རྒྱས་ནི་མིའི་རིགས་ཡོངས་ཀྱི་ལྟེ་བའི་གྲོས་གཞི་རེད། དེ་མིའི་རིགས་ཀྱི་འཚོ་གནས་དང་འབྲེལ་བ་ཡོད་པས་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས”ཞེས་དང་། ཀྲུང་གོ་སྲིད་གཞུང་གིས་མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མ་ལག་རང་བཞིན་གྱི་ཐབས་ལ་བརྟེན་ནས་ཁོར་ཡུག་གི་གནད་དོན་ལ་ཁ་གཏད་བཅག་པར། ལྗང་མདོག་འཕེལ་རྒྱས་ཐད་གྲུབ་འབྲས་མང་པོ་ཐོབ་ཡོད། ལ་ཀྲུང་གིས་གྲོས་གཞི་དེར་དམིགས་ནས་གླེང་མོལ་བྱེད་རེས་བྱས་པ་ལས་ལ་ཏིང་མེ་གླིང་རྒྱལ་ཁབ་ལ་ཀྲུང་གོའི་ཉམས་མྱོང་དེ་བས་མང་པོ་མཁོ་འདོན་ཐུབ་རྒྱུ་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།