“ང་ཚོའི་གླིང་ཕྲན་ཐོག་ཏུ་དེང་རབས་ཅན་གྱི་གཞུང་ལམ་ཡོད”
ཞི་བདེ་རྒྱ་མཚོ་ལྷོ་མའི་གླིང་ཕྲན་རྒྱལ་ཁབ་ཝ་ནུ་ཨ་ཐུ་ཡི་ཕེང་ཐེ་ཁོ་སི་ཐེ་གླིང་ཕྲན་དུ། ཀྲུང་གོའི་འཛུགས་སྐྲུན་ལས་གྲྭ་ཚོགས་པ་ཞི་བདེ་རྒྱ་མཚོ་ལྷོ་མའི་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་ཕེང་ཐེ་ཁོ་སི་ཐེ་གླིང་ཕྲན་གྱི་གཞུང་ལམ་གྱི་དུས་ཐེངས་དང་པོའི་རྣམ་གྲངས་དེ། གླིང་ཕྲན་ལྷོ་ནུབ་ཕྱོགས་ཀྱི་མཚོ་རྒྱུད་ནགས་རིའི་ཁྲོད་དུ་ཁྱག་ཁྱོག་ཏུ་གནས་ཡོད། ཁྱོན་རིང་ཚད་སྤྱི་ལེ་28.3ཡོད་པའི་རྣམ་གྲངས་དེ་ནི་ད་ཡོད་འགྲོ་ལམ་གྱི་རྨང་གཞིའི་ཐོག་རིམ་སྤོར་དང་སྒྱུར་བཀོད་བྱས་པ་ཞིག་རེད།
“ང་ཚོའི་གླིང་ཕྲན་ཐོག་ཏུ་དེང་རབས་ཅན་གྱི་གཞུང་ལམ་ཡོད”ཅེས་དང་། གཞུང་ལམ་གྱི་དུས་ཐེངས་དང་པོའི་རྣམ་གྲངས་ཀྱི་ལམ་དུམ་ཁ་ཤས་ཤར་གཏོང་ཐུབ་ཚུན་དུ་ཆུ་དང་། གློག ཁྲོམ་ར་བཅས་མེད་པའི་སྲོལ་རྒྱུན་གྲོང་ཚོ་ཕན་ཚུན་སྦྲེལ་མཐུད་ཐུབ་ནས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་ཕྱིན་འདུག “སྔོན་ཆད་ས་གནས་དེ་གའི་ཞིང་པས་ཞིང་ལས་ཐོན་རྫས་ཁྲོམ་རར་སྐྱེལ་འདྲེན་བྱེད་པར་ཉིན་ཕྱེད་ཙམ་འགོར་ཞིང་། རླངས་འཁོར་ཤར་གཏོང་མི་ཐུབ་པའི་ལམ་དུམ་ལ་དཔུང་པ་དང་སྒལ་པར་ཁུར་ནས་དབོར་དགོས་ཀྱི་ཡོད། ད་ཆ་ལམ་ཐག་ཆུ་ཚོད་གཅིག་ཀྱང་མ་ཟིན་པའི་བར་ཐུང་དུ་ཕྱིན་པས་སྐྱེལ་འདྲེན་མ་གནས་ཀྱང་ཆུང་དུ་ཕྱིན་འདུག”ཅེས་ཕེང་ཐེ་ཁོ་སི་ཐེ་གླིང་ཕྲན་ལྷོ་རྒྱུད་ཀྱི་ཚོ་དཔོན་ཆེན་པོ་པའོ་ལུའོ·པུའུ་ལུའུ་ཡིས་བཤད།
ཕེང་ཐེ་ཁོ་སི་ཐེ་གླིང་ཕྲན་ལྷོ་ཕྱོགས་ཀྱི་པེང་ཕོ་གྲོང་ཚོ་ནི་ས་གནས་དེ་གའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྲགས་ཅན་ཞིག་རེད། གཞུང་ལམ་གྱི་དུས་ཐེངས་དང་པོའི་རྣམ་གྲངས་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྗེས། གནམ་ཐང་ནས་པེང་ཕོ་གྲོང་ཚོར་སྐྱོད་པའི་དུས་ཚོད་དེ་སྔའི་མགྱོགས་ཤོས་ལ་ཆུ་ཚོད་1ནས་སྐར་མ་10བར་ཐུང་དུ་ཕྱིན་ཡོད། “ཀྲུང་གོར‘ཕྱུག་པོ་ཆགས་འདོད་ཡོད་ན་སྔོན་ལ་ལམ་བཟོ་དགོས’ཞེས་པའི་གཏམ་དཔེ་ཞིག་ཡོད། གཞུང་ལམ་རིམ་སྤོར་སྒྱུར་བཀོད་བྱས་རྗེས། ང་ཚོའི་ཡུལ་འདིར་ཡུལ་སྐོར་དུ་ཡོང་མཁན་སྔར་ལས་མང་དུ་ཕྱིན་པ་དང་། ལམ་རྒྱུད་ཀྱི་ཚོང་ཁང་སོགས་མང་དུ་ཕྱིན་པ་མ་ཟད། ད་དུང་ཡུལ་མི་མི་ཉུང་བས་གླ་འཁོར་གྱི་ཁ་ལོ་བ་བྱས་པས་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་འདུག”ཅེས་པུའུ་ལུའུ་ཡིས་བཤད།
གཞུང་ལམ་ཉེ་འགྲམ་གྱི་ལན་ཝ་ཏི་སློབ་འབྲིང་གི་སློབ་མར་ཡང་རྣམ་གྲངས་དེའི་ཕན་པ་ཐོབ་ཡོད། ལན་ཝ་ཏི་སློབ་འབྲིང་གི་སློབ་སྤྱི་ཨར་པི་ཨེན·ཐ་པི་ཡིས་གཞུང་ལམ་དང་ཟམ་པ་བསྐྲུན་ཟིན་རྗེས་ཕྲུ་གུ་ཚོ་སློབ་གྲྭར་འགྲོ་སའི་ལམ་བདེ་རུ་འགྲོ་རྒྱུ་རེད་ལ་སློབ་སྦྱོང་ལའང་འགན་ལེན་གང་ལེགས་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་བྱུང་།
འབྲེལ་ཡོད་གསར་འགྱུར།