དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྐྱ་ཐེར་ཐེར་གྱི་བྱེ་ཐང་སྔོ་ཐིང་ཐིང་གི་ནགས་ཚལ་དུ་གྱུར་པ།

    ལྷུན་རྩེ་རྫོང་གི་དུས་རབས་ཕྱེད་ཀ་བརྒལ་བའི་བྱེ་བཅོས་ཀྱི་ངོ་མཚར་གཏམ་རྒྱུད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-07-31

    ལྷུན་རྩེ་རྫོང་ནི་ཧི་མ་ལ་ཡའི་རི་རྒྱུད་ཤར་བྱང་མཚམས་སུ་གནས་པ་དང་ཆ་སྙོམས་ས་བབ་སྨི་3800ལྷག་ཙམ་ཡོད། རིང་ཚད་ལ་སྤྱི་ལེ་40ལྷག་ཙམ་དང་ས་ཁྱོན་སྤྱི་ལེ་ངོས་གྲུ་50ལྷག་ཙམ་ཟིན་པའི་གླ་ཚེར་ནགས་ཚལ་ནི“ཁ་བཏགས་ལྗང་ཁུ”ཞིག་དང་འདྲ་བར་ལྷུན་རྩེ་ལུང་གཞུང་གི་ངོགས་གཉིས་སུ་གཡོགས་ཡོད།

    དུས་རབས་ཕྱེད་ཀ་ལྷག་ཙམ་གྱི་ཡར་སྔོན་དུ། འདི་གར་བྱེ་རྡོ་གང་སར་མངོན་པའི་བ་ཚྭ་ཅན་གྱི་གྲམ་ཐང་ཞིག་ཡིན་པ་དང་། ལོ་གཅིག་ནང་ཟླ་བ་བརྒྱད་ཙམ་བྱེ་རླུང་ལྡང་བའི་གནམ་གཤིས་བསྟན་གྱི་ཡོད་པ་བསམ་བློར་ཡང་འཁོར་མི་སྲིད། བྱེ་ཐལ་ཁེངས་པ་ནས་ཆུ་མོ་དྭངས་ཤིང་གཙང་ལ་ནམ་མཁའ་གཡའ་དག་པའི་བར་གྱི་འགྱུར་ལྡོག་ཆེན་པོའི་རྒྱབ་ཏུ་ལྷུན་རྩེ་རྫོང་གི་མི་རབས་ཁ་ཤས་ཀྱིས་དཀའ་སྤྱད་འབད་བརྩོན་དང་ཁ་འབྲལ་ཐབས་མེད། ཁོང་ཚོས་གླ་ཚེར་དང་འདྲ་བར་རང་ཉིད་ཀྱི་མི་ཚེ་གང་པོ་ལྗང་མདོག་གི་གསར་བརྗེ་དེའི་ནང་ཞུགས་ཡོད།

    ལོ་74ལ་སླེབས་པའི་བསམ་གཏན་ནི་ལྷུན་རྩེའི་གྲམ་ཐང་དུ་གླ་ཚེར་འདེབས་མཁན་ཁག་དང་པོའི་གྲས་ཡིན་པ་དང་གྲོང་ཚོའི་ཡུལ་མི་ཚོས་ཁོང་ལ“རྨོ་བོ་གླ་ཚེར་ལགས”ཞེས་བྱམས་བརྩེའི་ངང་འབོད་ཀྱི་ཡོད།

    སྐབས་དེ་དུས་ལོ་13ལ་སླེབས་པའི་ཁོང་ནི་ཤིང་འཛུགས་ནང་ཞུགས་མཁན་གྱི་ལོ་ན་ཆུང་ཤོས་དེ་རེད། “ཅོག་ཙེ་ཕྱིས་ནས་ཅུང་ཟད་མ་འགོར་བར་ཐལ་རྡུལ་གྱིས་ཁེངས་ཀྱི་ཡོད”ཅེས་བྱེ་བཅོས་མ་བྱས་གོང་གི་སྐོར་གླེང་སྐབས་རྒན་མོས་སྨིན་མ་བསྡུས་ནས་དེ་ལྟར་བརྗོད།

    1964ལོར་སྐབས་དེ་དུས་ཀྱི་ལྷུན་རྩེ་རྫོང་ཞིང་པ་ཤང་གི་ཤང་ཀྲང་ལྷ་འཛོམས་ཧྲན་ཤིས་སུ་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་དེ། ལྗོན་ཤིང་བཙུགས་ན་བྱེ་བཅོས་ནུས་ལྡན་ཐུབ་པ་ཤེས་རྟོགས་བྱུང་བས། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཞིང་པ་ཤང་མང་མཚོ་གྲོང་ཚོའི་བྱེ་ཐང་དུ་གླ་ཚེར་དང་། རྒྱ་ལྕང་། སྦྱར་པ་སོགས་སྡོང་ཕྲུག་རིགས་ལྔ་ཚོད་འདེབས་བྱས་པའི་ནང་རྩ་བ་རྒྱས་ཆེ་བ་དང་ཐན་པ་དང་བྱེ་རླུང་འགོག་ཐུབ་པའི་གླ་ཚེར་གསོན་ཚད་མཐོ་ཤོས་ཡིན་པས། གླ་ཚེར་དེ་བྱེ་བཅོས་ནགས་བཟོའི་གདམ་ག་དང་པོར་གྱུར།

    གླ་ཚེར་གྱི་སྡོང་ཕྲུག་དཀོན་པའི་གནས་ཚུལ་ལ་དམིགས་ཏེ། ཡུལ་མི་ཚོས་ལྗང་གསོ་བྱེད་འགོ་བཙུགས་ནས་སྨི་གཉིས་བར་ལ་སྡོང་ཕྲུག་རེ་བཙུགས་ཏེ་ལོ་གཉིས་ནས་གསུམ་བར་སྐྱེ་འཚར་བྱུང་རྗེས་དེ་ནས་རིམ་བཞིན་འདེབས་རྒྱ་ཆེ་རུ་བཏང་བ་དང་། མང་མཚོ་གྲོང་ཚོའི་རྒན་དར་གཞོན་གསུམ་ཚང་མ་རིན་མེད་ངང་ཤིང་འཛུགས་བྱེ་བཅོས་ནང་ཞུགས་ཡོད།

    ལྷུན་རྩེ་བ་ཚོས་གླ་ཚེར་ནགས་ཚལ་ལྷུན་རྩེ་ལུང་གཞུང་རྒྱུད་དུ་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་ཏེ“སྐྱེ་ཁམས་ལྕགས་རི་རིང་པོ”ཞིག་བསྐྲུན་ཡོད།

    བྱེ་རླུང་ཉུང་དུ་དང་ཞིང་ས་གཤིན་པོ་མང་དུ་ཕྱིན་པ་མ་ཟད། མི་སེར་གྱི་དངུལ་ཁུག་ཀྱང་ལྗིད་ཏིག་ཏིག་ཏུ་གྱུར་ཞིང་། ལྷུན་རྩེ་རྫོང་དུ་ནས་ནག་མུའུ་རེའི་ཆ་སྙོམས་ཐོན་འབབ་དེ་སྔའི་རྒྱ་མ་300ལྷག་ཙམ་ནས་ད་ལྟའི་རྒྱ་མ་650བར་འཕར་ནས་ལོ་རེར་ཐོན་འབབ་ཏུན་ཁྲི་1.4ཡན་ཟིན་ཡོད། གླ་ཚེར་ཐོན་ལས་འཕེལ་རྒྱས་ཕྱིན་པ་དེས་ནགས་ཁྲོད་དཔལ་འབྱོར་ལ་སྐུལ་ཁྲིད་ཐུབ་སྟེ། རྩྭ་རྩི་ཤིང་གི་སྣ་ཁ་མང་དུ་ཕྱིན་ནས་ནོར་ལུག་ལ་གཟན་རྩྭ་འདང་ངེས་ཡོད་པ་མ་ཟད། མི་སེར་ཚོར་ཡང་སྐྱེ་ཁམས་ཀྱི་ཡོང་འབབ་རག་ཡོད།

    སྔོན་ཆད་ཤང་ཀྲང་ལྷ་འཛོམས་ཀྱི་སྣེ་ཁྲིད་ནས་བཏབ་པའི་གླ་ཚེར་གྱི་སྡོང་ཕྲུག་མུའུ་60ལྷག་ཙམ་ད་ཆ་མུའུ་ཁྲི་8.2ཡི་ལྗང་མདོག་སྲུང་བཅད་ལ་གྱུར་ནས་ན་གཞོན་དེ་བས་མང་བ་ནགས་སྲུང་དཔུང་ཁག་ནང་ཞུགས་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།