མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས་མཐོ་སློབ་སློབ་ཐོན་སློབ་མ་སོགས་ཀྱི་གཞོན་ནུའི་ལས་ཞུགས་ཞབས་ཞུའི་འགག་སྒྲོལ་བྱ་སྤྱོད་སྤེལ་འགོ་ཚུགས་པ།
མཐོ་སློབ་སློབ་ཐོན་སློབ་མ་ལས་ཀ་འཚོལ་བ་དང་ལས་ཞུགས་ཀྱི་འགག་རྩའི་དུས་སྐབས་དམ་འཛིན་བྱ་ཆེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས་2025ལོའི་མཐོ་སློབ་སློབ་ཐོན་སློབ་མ་སོགས་ཀྱི་གཞོན་ནུའི་ལས་ཞུགས་ཞབས་ཞུའི་འགག་སྒྲོལ་བྱ་སྤྱོད་སྤེལ་འགོ་ཚུགས་ཤིང་། བྱ་སྤྱོད་དེས“འགག་སྒྲོལ་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་། འབད་འབུངས་མདུན་སྐྱོད་ཀྱིས་འབྱུང་འགྱུར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། 2025ལོར་སློབ་གྲྭ་ཐོན་ཡང་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་ལས་ཤོར་ཐོ་འགོད་བྱས་པའི་ལོ་16ནས་24བར་གྱི་གཞོན་ནུ་ཚོའི་དགོས་མཁོར་དམིགས་ནས། ཟླ་7ནས་ཟླ་12བར་རྒྱུན་ཆད་མེད་པར་ལས་ཞུགས་ཞབས་འདེགས་ཞུས་ཏེ། མཐོ་སློབ་སློབ་ཐོན་སློབ་མ་སོགས་ཀྱི་གཞོན་ནུ་ལས་ཞུགས་བརྟན་པོ་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
བྱ་སྤྱོད་དེ་ལས“ལས་ཞུགས་ཁ་གསབ་མྱུར་སྤྲོད”དང“སྲིད་ཇུས་ཆ་འཕྲིན་སྙོམ་སྒྲིག”སོགས་ཀྱི་ཞབས་ཞུ་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་སྲིད་ཇུས་ཀྱི་གསལ་ཐོ་དུས་ཐོག་ཏུ་བཟོ་བཅོས་དང་ཁྱབ་བསྒྲགས་བྱས་ཏེ། ལས་བརྟན་དངུལ་སློག་དང་། སྤྱི་ཚོགས་འགན་སྲུང་ཁ་གསབ། ཁྲལ་བསྡུའི་གཟིགས་སྐྱོང་སོགས་ཀྱི་སྲིད་ཇུས་དྲིལ་བསྒྲགས་དང་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད། གྲངས་གཞི་བསྡུར་བ་དང་སྒོ་ཁར་ཞབས་འདེགས་ཞུ་བ་སོགས་ཀྱི་ཐབས་ལམ་བརྒྱུད། ལས་ཞུགས་ཐུབ་མེད་པའི་སློབ་ཐོན་སློབ་མ་དང་ལས་ཤོར་གཞོན་ནུའི་གནས་ཚུལ་ཕྱོགས་ཡོངས་ནས་མཐིལ་རྟོགས་དང་། ལས་འཚོལ་ཐོ་འགོད་བྱ་རིམ་ཆུང་གྲས་དང་ལས་ཤོར་ཐོ་འགོད་ལས་སྟེགས་ངོ་སྤྲོད་བྱས་ཏེ། ཡིག་ཚགས་འགོད་པའི་ཞབས་ཞུ་དང་དེ་བཞིན“1131”གི་ལས་ཞུགས་གནད་སྨིན་རོགས་སྐྱོར(སྲིད་ཇུས་དྲིལ་བསྒྲགས་དང་ངོ་སྤྲོད་ཐེངས་1དང་། ལས་རིགས་མཛུབ་ཁྲིད་ཐེངས་1 ལས་གནས་འོས་སྦྱོར་ཐེངས་3 རྩལ་ནུས་གསོ་སྦྱོང་ཐེངས་1གམ་ཡང་ན་ལྟ་སྦྱོང་གོ་སྐབས་ཐེངས་1)བྱ་རྒྱུ་ཡིན་པ་རེད།
ལས་བསྡུའི་འབྲེལ་མཐུད་གནད་སྨིན་ཐུབ་པ་ནི་གཙོ་གནད་ཡིན་ཞིང་། བྱ་སྤྱོད་དེས“རྒྱལ་ཡོངས་གྲོང་ཁྱེར་གྱི་མཉམ་འབྲེལ་ལས་བསྡུ”དང“སྟོན་དུས་ལས་བསྡུའི་ཟླ་བ”སོགས“12+N”ཡི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ། ཆུང་གྲས་ཅན་དང་སྒྲིག་བཟོ་ཅན་གྱི་ལས་བསྡུའི་འདུ་ཚོགས་བཀོད་སྒྲིག་དམ་ཟབ་དང་། ཐད་གཏོང་བྱས་ནས་ལས་གནས་སྣེ་ཁྲིད་དང“མི་ཐབས་རིག་ནུས+”སོགས་ཀྱི་བྱ་ཐབས་བརྒྱུད། ལས་གནས་ཀྱི་ཆ་འཕྲིན་བརྒྱུད་སྤྲོད་བྱས་ཏེ་མི་དང་ལས་གནས་སྙོམ་སྒྲིག་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།