གོ་ལ་ཧྲིལ་པོ་མཉམ་རོགས་རྒྱུན་འཁྱོངས་ཀྱིས་རིག་ནུས་དགེ་བརྩོན་ལ་སྐུལ་འདེད་གཏོང་བ།
ཟླ་7ཚེས་26ཉིན། 2025ལོའི་འཛམ་གླིང་མི་ཐབས་རིག་ནུས་ཚོགས་ཆེན་དང་མི་ཐབས་རིག་ནུས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་རིམ་མཐོའི་ཚོགས་འདུ་ཧྲང་ཧའེ་རུ་འཚོགས་པ་རེད། ད་ཐེངས་ཀྱི་ཚོགས་ཆེན་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི《གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་གྲོས་འགོ》དོན་འཁྱོལ་གྱི་བྱ་སྤྱོད་གལ་ཆེན་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་ཚན་རྩལ་རླུང་ཕྱོགས་སྟོན་རྟགས་དང་། ཉེར་སྤྱོད་འགྲེམས་སྟོན་ལས་སྟེགས། ཐོན་ལས་མྱུར་སྤེལ་ཡོ་ཆས། བཅོས་སྐྱོང་དོན་གྲོས་ཁང་བཅས་བཏོད་ནས། གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་འཕེལ་རྒྱས་ཀྱི་བློ་གྲོས་དང་གསར་གཏོད་སྟོབས་ཤུགས་གཅིག་སྡུད་བྱ་རྒྱུ་དེ་རེད།
མིག་སྔར་གོ་ལ་ཧྲིལ་པོར་རིག་ནུས་ཅན་གྱི་རླབས་རྒྱུན་འཕྱུར་བ་དང་། མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་གསར་གཏོད་ཐད་ཚོགས་སྤྱིའི་རང་བཞིན་གྱི་ཚད་བརྒལ་རྣམ་པ་མངོན་ཡོད། སྐབས་འདིའི་ཚོགས་ཆེན་གྱིས“རིག་ནུས་དུས་རབས། གོ་ལ་ཧྲིལ་པོ་མཉམ་རོགས”ཞེས་བརྗོད་དོན་གཙོ་བོར་བྱེད་པ་དང་། ཚན་རིག་རིག་ནུས་དང་མི་ཐབས་རིག་ནུས་ཀྱིས་མཐུན་རྐྱེན་སྦྱར་བའི་བཟོ་ལས་ཅན་གསར་པ་སོགས་གཙོ་གནད་ཁུལ་ཆེན་པོ་བཅུར་དམིགས་ཏེ། མི་ཐབས་རིག་ནུས་ལག་རྩལ་གྱི་སྔོན་ཐོན་དང་། ཐོན་ལས་ཀྱི་འཕེལ་ཕྱོགས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་བཅས་ཀྱི་བསམ་གཞིག་དང་ལག་ལེན་གསར་ཤོས་ཕྱོགས་ཡོངས་ནས་སྟོན་རྒྱུ་རེད། ཚོགས་ཆེན་གྱིས《གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་གི་བྱ་སྤྱོད་འཆར་གཞི》སྤེལ་ནས། ཕྱོགས་ཁག་གིས་མི་ཐབས་རིག་ནུས་ཀྱིས་ལས་རིགས་མང་པོར་མཐུན་རྐྱེན་སྦྱོར་བར་སྐུལ་འདེད་དང་། གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་སྐྲུན་མགྱོགས་སུ་གཏོང་བ། སྣ་མང་སྒོ་འབྱེད་དང་གསར་གཏོད་ཀྱི་ཁོར་ཡུག་སྐྲུན་པ། མི་ཐབས་རིག་ནུས་ཀྱི་ནུས་པ་འཛུགས་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་སོགས་ཕྱོགས་13ཐད་ཞིབ་ཕྲའི་བྱ་སྤྱོད་སྤེལ་དགོས་པའི་འབོད་སྐུལ་བྱས་ནས། གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་ལ་མཐུན་སྦྱོར་སྐུལ་འདེད་གཏོང་ཆེད་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་བ་རེད།
གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་ལག་རྩལ་སྔར་བས་འཕེལ་རྒྱས་གཏོང་བར་སྒོ་དབྱེ་ཁོང་ཡངས་ཀྱི་གསར་གཏོད་མཉམ་ལས་ཀྱི་ཁོར་ཡུག་དང་ཁ་འབྲལ་ཐབས་མེད། སྔོན་ཐོན་འགྲེམས་རྫས་3000ལྷག་ཙམ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པའི་ཁྲོད། “གོ་ལ་ཧྲིལ་པོར་ཐོག་མར་འགྲེམས་སྤེལ”དང“ཀྲུང་གོར་ཐོག་མར་འགྲེམས་སྤེལ”གྱི་ཐོན་རྫས་གསར་པ་100ལྷག་ཙམ་ཚུད་པ་དང་། རྣམ་གྲངས་240རྩེར་སོན་མི་ཐབས་རིག་ནུས་ཀྱི་སྣེ་ཁྲིད་བྱ་དགའི་དཔྱད་བསྡུར་ནང་ཚུད་པ་དང་། རྒྱལ་སྤྱིའི་རྣམ་གྲངས་ཀྱི་བཟུང་ཚད་17%ཟིན་པ་ལ་སོགས་ཚོགས་ཆེན་འདི་ནི་ཕྱོགས་ཁག་དབར་སྤེལ་རེས་ཀྱི་ཚད་བརྒལ་གསར་པ་དང་། བཀོལ་སྤྱོད་གསར་པའི་གླེང་མོལ་མཉམ་ལས་ཀྱི་ལས་སྟེགས་ཤིག་རེད། ཚོགས་ཆེན་གྱིས《རྒྱལ་སྤྱིའི་མི་ཐབས་རིག་ནུས་ཐོན་ཁུངས་འབྱེད་པའི་མཉམ་ལས་གྲོས་འགོ》ཡོངས་བསྒྲགས་བྱས་ཏེ། གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་གསར་གཏོད་བཅོས་སྐྱོང་ལྟེ་གནས་འཛུགས་འགོ་བརྩམས་པ་དང་། ཐོན་ཁུངས་འབྱེད་པར་བརྟེན་ནས་ལག་རྩལ་གསར་གཏོད་ལ་སྐུལ་འདེད་དང་། སྐྱེ་ཁམས་མཉམ་བཅོས་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད། གསར་གཏོད་ཀྱི་རྒྱུ་རྐྱེན་གཙོ་བོ་གོ་ལ་ཧྲིལ་པོའི་དྲ་རྒྱའི་ཁྲོད་འཁོར་རྒྱུག་ནུས་ཆེ་དང་མཉམ་འདྲེས་གཏིང་ཟབ་བྱེད་སྐབས། མི་ཐབས་རིག་ནུས་ལག་རྩལ་མགྱོགས་མྱུར་རིམ་འཇུག་བྱས་ནས། མིའི་རིགས་ཀྱི་འཕེལ་རྒྱས་ལ་དེ་བས་གནད་འཁེལ་དང་ནུས་ལྡན་གྱི་ཐག་གཅོད་ཇུས་གཞི་མཁོ་འདོན་ཐུབ་རྒྱུ་རེད། ཀྲུང་གོས་སྒོ་དབྱེ་མཉམ་སྤྱོད་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་ཁག་དང་མཉམ་དུ་ལག་རྩལ་འགག་སྒྲོལ་དང་ཐོན་ཁུངས་འབྱེད་ཤུགས་ཆེ་རུ་བཏང་སྟེ། མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་ཆུ་ཚད་དེ་བས་མཐོ་རུ་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།
འབྲེལ་ཡོད་གསར་འགྱུར།