དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕོར་ཐིའུ་ཀལ་གྱི་མཁས་དབང་གིས་བརྗོད་དོན།

    ཀྲུང་གོ་དང་ཡོ་རོབ་ཀྱི་མཉམ་ལས་ཟབ་མོས་གོ་ལ་ཧྲིལ་པོའི་བརྟན་ལྷིང་ལ་ལེགས་སྐྱེས་ཕུལ་ཡོད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-07-30

    ཉེ་ཆར། ཕོར་ཐིའུ་ཀལ་གྱི“ཀྲུང་གོར་ལྟ་ཞིབ”ཇུས་འདོན་ཚོགས་པའི་ཀྲུའུ་ཞི་ལུའུ་དབྱི·ལུའོ་ལི་ཏུའོ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། འཛམ་གླིང་སྣེ་མང་ཅན་གྱི་འཕེལ་ཕྱོགས་འོག་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་ཟབ་ཏུ་བཏང་ནས་གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་དགོས་ཞེས་བརྗོད་པ་རེད།

    1975ལོར་ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ཐུན་མོང་སྒྲིག་གཞིའི(དེ་སྔའི་ཡོ་རོབ་མནའ་འབྲེལ)དབར་ཕྱི་འབྲེལ་བཙུགས་ཤིང་། ད་ཆ་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་དཔལ་འབྱོར་སྤྱི་འབོར་འཛམ་གླིང་གི་དཔལ་འབྱོར་སྤྱི་འབོར་གྱི་གསུམ་ཆ་གཅིག་ལྷག་ཙམ་ཟིན་པ་དང་ཚོང་དོན་གཞི་རྒྱ་གོ་ལ་ཧྲིལ་པོའི་ཚོང་དོན་གཞི་རྒྱའི་བཞི་ཆ་གཅིག་ལྷག་ཙམ་ཟིན་ཡོད། “ཀྲུང་གོ་དང་ཡོ་རོབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50སོང་རིང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་འགན་འཁུར་བའི་རྣམ་པའི་ཐོག་ནས་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཁྲོད་གོ་ལ་ཧྲིལ་པོའི་བརྟན་ལྷིང་ལ་ལེགས་སྐྱེས་ཕུལ་ཡོད”ཅེས་ལུའོ་ལི་ཏུའོ་ཡིས་བརྗོད།

    ལུའོ་ལི་ཏུའོ་ཡིས་བརྗོད་དོན། ལོ་བཅུ་ཕྲག་ཁ་ཤས་རིང་ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་སྐད་ཆ་ཤོད་རེས་དང་ཕན་ཚུན་བརྩི་འཇོག་གིས་མི་མཐུན་པའི་ཆ་བསལ་ནས་མཉམ་ལས་ཀྱི་སྤྱི་ཡོངས་སྲུང་སྐྱོང་བྱས་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱི་སྤྱི་ཚོགས་ལམ་ལུགས་མི་འདྲ་ལ། ལོ་རྒྱུས་དང་རིག་གནས་ཀྱི་རྒྱབ་ལྗོངས་ཀྱང་མི་འདྲ་བས། ཀྲུང་གོ་དང་ཡོ་རོབ་དབར་རྩ་བའི་ཁེ་ཕན་གྱི་གདོང་ཐུག་གང་ཡང་མེད། ཀྲུང་གོ་དང་ཡོ་རོབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་བ་དེ་རང་སོ་སོའི་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་དང་མཐུན་ཡོད་པ་མ་ཟད། གོ་ལ་ཧྲིལ་པོའི་བརྟན་ལྷིང་སྲུང་སྐྱོང་ལ་ནུས་པ་གལ་ཆེན་འདོན་པ་ཞིག་ཀྱང་རེད།

    ལུའོ་ལི་ཏུའོ་ཡིས་བལྟས་ན། མིག་སྔའི་རྒྱལ་སྤྱིའི་ཁོར་ཡུག་འོག ཀྲུང་གོ་དང་ཡོ་རོབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་གལ་ཆེའི་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཁོང་གིས། ཡོ་རོབ་རྒྱལ་ཁབ་ཁག་གཅིག་གི་འགོ་ཁྲིད་པས་ཀྲུང་གོ་དང་དཔལ་འབྱོར་མཉམ་ལས་ཟབ་ཏུ་བཏང་སྟེ་ཨ་རི་ཕྱོགས་ཀྱི་ཚོང་དོན་གནོན་ཤུགས་ལ་ཁ་གཏད་གཅོག་ཐབས་འཚོལ་བཞིན་ཡོད། ཡོ་རོབ་ཀྱིས་རང་ངོས་ཀྱི་ཕུགས་ཀྱི་ཁེ་ཕན་ལ་བསམ་གཞིག་དེ་བས་མང་བ་བྱས་ཏེ། ཕྱི་ཕྱོགས་ཀྱི་གནོན་ཤུགས་ལས་རང་ངོས་ཀྱི་སྲིད་ཇུས་བཟོ་བར་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་དགོས་ཞེས་བརྗོད་པ་རེད།

    ལུའོ་ལི་ཏུའོ་ཡིས། གློག་སྒུལ་རླངས་འཁོར་གྱི་གློག་རྫས་ལག་རྩལ་དང་། ལྗང་མདོག་ནུས་རྒྱུ་གསར་སྤེལ། རྒྱུན་མཐུད་ཆོག་པའི་ནགས་བཟོ་སོགས་ཐད་ཀྱི་ཀྲུང་གོའི་གསར་གཏོད་འཕེལ་རིམ་མགྱོགས་སུ་ཕྱིན་ནས་རྒྱལ་ཁབ་གཞན་དག་གིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་ཉམས་མྱོང་བཟང་པོ་མཁོ་འདོན་བྱས་ཡོད་པ་དང་། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོས་ལག་རྩལ་མཉམ་ལས་དང་མ་འཇོག་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ཚེ། ཕྱོགས་གཉིས་པོའི་ལྗང་མདོག་ཕྱོགས་སྒྱུར་གྱི་དམིགས་ཚད་མངོན་འགྱུར་ལ་ཕན་ཐོགས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།