“ཀྲུང་གོ་དང་རི་པིན་དབར་གྱི་མཛའ་གྲོགས་དང་མི་ཆོས་རིག་གནས་སྤེལ་རེས”ཀྱི་གླེང་སྟེགས་སྐབས་གཉིས་པ་པེ་ཅིང་དུ་འཚོགས་པ།
ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་རི་པིན་དང་ཀྲུང་གོའི་མཛའ་གྲོགས་གྲོས་ཁང་གིས་མཉམ་དུ་གཙོ་གཉེར་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རི་པིན་ཞིབ་འཇུག་སུའོ་དང་ཀྲུང་གོ་ཕྱི་ཕྱོགས་དུས་དེབ་དཔར་སྐྲུན་ལྟེ་གནས་ཀྱིས་མཉམ་དུ་གཉེར་རོགས་བྱས་པའི“ཀྲུང་གོ་དང་རི་པིན་དབར་གྱི་མཛའ་གྲོགས་དང་མི་ཆོས་རིག་གནས་སྤེལ་རེས”ཀྱི་གླེང་སྟེགས་སྐབས་གཉིས་པ་ཚེས་27ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གོ་དང་རི་པིན་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་སློབ་གླིང་དང་ཚན་ཞིབ་སྒྲིག་གཞི་20ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་50ལྷག་ཙམ་གླེང་སྟེགས་ལ་ཞུགས་ཡོད་པ་རེད།
ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་ཀྲང་ཞེ་ཧྥུའུ་ཀྲན་གྱིས་ཤིས་ཚིག་བསྒྲོན་ནས། དམངས་ཁྲོད་འགྲོ་འོང་ནི་ཀྲུང་གོ་དང་རི་པིན་གྱི་འབྲེལ་བའི་འབྱུང་རྩ་ཡིན་པ་དང་། ཀྲུང་གོ་དང་རི་པིན་གྱི་འབྲེལ་བའི་མདུན་ལམ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ལག་ཏུ་བཟུང་ཡོད། ཀྲུང་གོ་དང་རི་པིན་གྱི་འབྲེལ་བ་ལམ་བཞི་མདོ་ཁར་གནས་ཡོད་པས། ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དེ་བས་རྒྱུན་འཁྱོངས་དང་། རིམ་པ་ཁག་གི་མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན། ཕན་ཚུན་དབར་དྲང་གཞག་དང་དཔྱོད་ཤེས་ཀྱི་ངེས་ཤེས་སྐྱེད་སྲིང་། དམངས་སེམས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་དབར་གྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་ཆེད་རྣམ་པ་བཟང་པོ་གཏོད་དགོས་ཞེས་གསུངས་པ་རེད།
ཀྲུང་གོར་བཅའ་སྡོད་རི་པིན་གྱི་གཞུང་ཚབ་ཆེ་མོ་བ་ཅིན་ཧྲན་ཤན་ཀྲི་ཡིས། མིག་སྔར་རི་ཀྲུང་དབར་གྱི་འབྲེལ་བར་འཕྲད་པའི་འགྲན་སློང་ཆེ་ཤོས་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བརྩེ་བ་ཟབ་ཏུ་ཇི་ལྟར་གཏོང་མིན་དེ་རེད། བརྩེ་སེམས་ཀྱི་ངེས་ཤེས་ལེགས་སུ་གཏོང་ཐབས་གཞན་མེད་པར་མུ་མཐུད་དེ་སྤེལ་རེས་དང་གླེང་མོལ་བརྒྱུད་ཕ་རོལ་པོའི་ལངས་ཕྱོགས་ནས་ཕ་རོལ་པོར་བསམ་ཤེས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་རི་ཀྲུང་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་པའི་དགེ་མཚན་ཚོར་བར་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་རི་པིན་དང་ཀྲུང་གོའི་མཛའ་གྲོགས་གྲོས་ཁང་གིས་2024ལོར“ཀྲུང་གོ་དང་རི་པིན་དབར་གྱི་མཛའ་གྲོགས་དང་མི་ཆོས་རིག་གནས་སྤེལ་རེས”ཀྱི་གླེང་སྟེགས་གཉེར་བ་བརྒྱུད། ཀྲུང་གོ་དང་རི་པིན་རྒྱལ་ཁབ་གཉིས་པོས་གླེང་སྟེགས་རེས་མོས་ངང་གཉེར་བའི་ལས་དོན་ལམ་སྲོལ་གྲུབ་ཡོད།
འབྲེལ་ཡོད་གསར་འགྱུར།