དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་མཐོའི་རི་ཀླུང་གང་ས་རུ། སྔོ་ལྗང་གཡུ་ཡི་ན་བཟས་བཀླུབས།

    —— ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་མལ་གྲོ་གུང་དཀར་དུམ་བུའི་ས་གནས་ས་ཐོག་གི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-30

    ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་མལ་གྲོ་གུང་དཀར་རྫོང་དུམ་བུའི་ལག་རྩལ་པས(གཡས)བདག་སྐྱོང་བར་སྡོང་ཕྲུག་ལ་གཡོག་བྱེད་བྱེད་སྟངས་སློབ་བཞིན་པ།

    ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་མལ་གྲོ་གུང་དཀར་རྫོང་དུམ་བུའི་ཡུག་ཁུལ་དང་པོའི་བདག་སྐྱོང་བས་སྡོང་ཕྲུག་ལ་ཆུ་རྒྱག་བཞིན་པ།

    ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་མལ་གྲོ་གུང་དཀར་རྫོང་དུམ་བུའི་ཡུག་ཁུལ་11པར་མི་མེད་གནམ་གྲུས་སྡོང་ཕྲུག་དབོར་བཞིན་པ།

    ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་མལ་གྲོ་གུང་དཀར་རྫོང་དུམ་བུའི་ཡུག་ཁུལ་2པའི་འཛུགས་སྐྲུན་བྱ་ཡུལ་ཡིན་པ།

    སྔོན་ཆད་སྐྱ་ཐེར་ཐེར་གྱི་རི་བོ་ད་ལྟ་སྔོ་ལྗང་གིས་ཁེངས། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་མལ་གྲོ་གུང་དཀར་རྫོང་གི་དུམ་བུ་ལས་མཇུག་འགྲིལ་ནས་དེ་གར་ལེའུ་གསར་རྐྱང་ཞིག་བརྩམས་ཡོད།

    “ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ཡུལ་དངོས་ལ་ཕེབས་པར་དགའ་བསུ་ཞུ”ཞེས་བཀོད་འདོམས་པུའུ་ཡི་ལས་དོན་པ་དོན་གྲུབ་ཀྱིས་སྤྲོ་སེམས་འཁོལ་པོས་དེ་ལྟར་བཤད། ཁོང་གིས་ལག་ཏུ་བཟུང་བའི་ལས་ཀའི་ཉིན་ཐོ་ཁ་ཕྱེ་བ་དང་དེའི་ནང“མིག་སྔའི་བར། ང་ཚོས་སྡོང་རྐང་ཁྲི་161ལྷག་ཙམ་འདེབས་འཛུགས་བྱས་པ་དང་། ས་དོང་འདྲུ་བ་དང་ར་བ་སྐོར་བ་སོགས་རྨང་གཞིའི་ལས་གྲྭ་ཚང་མ་ལེགས་གྲུབ་བྱུང་ཡོད”ཅེས་ཟིན་བྲིས་མང་པོ་བརྒྱབ་ཡོད་པ་རེད། ཁོང་གི་མཛུབ་མོ་འཛུགས་ས་དེར་བལྟས་ཚེ་ལྕགས་མདོག་གི་ར་སྐོར་ཞོགས་པའི་ཉི་འོད་འོག་ཁྲ་ལྷམ་མེར་གནས་ནས་ལྕགས་རི་རིང་པོ་དང་གཉིས་སུ་མ་མཆིས།

    ཡུག་ཁུལ11པར་སླེབས་སྐབས་རྩི་ཤིང་གི་དྲི་ཞིམ་གང་སར་ཐུལ། ཡུག་ཁུལ་གྱི་འགན་འཁུར་བ་མཱ་ལགས་ཀྱིས་བཟོ་པ་ཚོའི་སྣེ་ཁྲིད་དེ་བྲེལ་བས་ཁེངས། ཁོང་གིས་དཔྲལ་བའི་རྔུལ་ཆུ་ཕྱིས་ནས“ཡུག་ཁུལ་11པར་སྡོང་རྐང་54400འཛུགས་རྒྱུའི་ཇུས་འགོད་བྱས་པ་དེའི་ནང་དུ་གསོམ་ཤིང་དང་ཐང་ཤིང་སོགས་སྣ་ཁ་མང་པོ་ཚུད་ཡོད”ཅེས་ངོ་སྤྲོད་བྱས་པ་རེད། རྒྱང་རིང་ལ་ལྟ་སྐབས་གསར་དུ་བཙུགས་པའི་སྡོང་པོའི་སྐྱེ་འཚར་ལེགས་པས་གང་སར་གསོན་ཤུགས་ཀྱིས་ཁེངས། བཟོ་པ་རྣམས་ཀྱིས་ལས་བགོས་མཉམ་ལས་བྱས་པ་སྟེ། ལ་ལས་ཆུ་དོང་བཟོ་བཅོས་རྒྱག་པ་དང་ལ་ལས་ཡལ་བཞུར་རྒྱག་པ་སོགས་བྱེད་ཀྱི་ཡོད་པ་རེད། “རིག་ནུས་སྐྱེལ་འདྲེན”ཞེས་འཁོད་པའི་མི་མེད་གནམ་གྲུ་གཉིས་ཀྱིས་གསོམ་ཤིང་གི་མྱུ་གུ་དབོར་ནས་བརྒྱུད་རིམ་ཧྲིལ་པོར་ནུས་ཕྱོད་ཆེན་པོ་ལྡན་ཡོད།

    ལས་གྲྭའི་སྒྲིག་བཀོད་ཀྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད། སྨི་ཁྲི་47ལྷག་ཙམ་གྱི་དྲ་བའི་ར་སྐོར་གྱིས་སྲུང་དམག་ཇི་བཞིན་རྩི་ཤིང་སྲུང་བཞིན་ཡོད་པ་དང་། སྨི་སྟོང་ལ་ཉེ་བའི་ཆུ་འདྲེན་སྦུ་གུ་ནི“ཚེ་སྲོག་གི་དྲ་བརྒྱ”ལྟར་གནས་པ། ས་རྒྱུ་སྨི་བརྒྱ་དཔངས་གྲུ་བཞི་མ་19000ལྷག་ཙམ་ལེགས་བཅོས་བྱས་པ། ཆུ་ཁ་མཐོ་བའི་ཆུ་རྫིང་71དང་ཆུ་འཐེན་ས་ཚིགས་18ཉིན་མཚན་དབྱེར་མེད་ངང་སྤྱད་ནས་སྡོང་རྐང་གསོ་བཞིན་ཡོད། ཨར་ལས་སྡེ་ཚན་གྱི་འགན་འཁུར་བས“གྲོང་རྡལ་གྱི་ཡན་ལག་ཆུ་རགས་དེ་ལས་གྲྭའི་བརྟེན་ས་གཙོ་བོ་ཡིན་པས་དེས་ཆུ་འདྲེན་སྦུ་གུར་འདེགས་སྐྱོར་བརྟན་པོ་བྱེད་ཀྱི་ཡོད། མིག་སྔར། ཡུག་ཁུལ་11གི་གྲོང་རྡལ་གྱི་ཡན་ལག་ཆུ་རགས་བསྐྲུན་ཟིན་པ་དང་། བདག་སྐྱོང་ཁང་པ་8སྤྱོད་འགོ་ཚུགས་པ། བདག་སྐྱོང་ཁང་པ་3སྐྲུན་བཞིན་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    ལས་གྲྭས་སྐྱེ་ཁམས་ལ་ཕན་འབྲས་ཐོན་པ་མ་ཟད། སྤྱི་ཚོགས་ལ་ཕན་འབྲས་དེ་བས་མང་བ་ཐོན་ཡོད། རྣམ་གྲངས་ལག་བསྟར་བྱས་ཚུན། རིམ་རྩིས་བརྒྱབ་ན། མལ་གྲོའི་མང་ཚོགས་མི་ཐེངས་3541འཛུགས་སྐྲུན་ནང་ཞུགས་ཡོད་པ་རེད། ས་དོང་དྲུས་ནས་མྱུ་གུ་འདེབས་པ་ནས་རྒྱུན་ལྡན་གྱི་གཡོག་བྱེད་བར་ས་གནས་དེ་གའི་མང་ཚོགས་རྣམས་སྐྱེ་ཁམས་འཛུགས་སྐྲུན་གྱི་སྟོབས་ཤུགས་གཙོ་བོར་གྱུར་ཡོད། ཟླ་བ་ཚེ་རིང་གིས“ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་ནས་ཉིན་རེར་ཡོང་འབབ་སྒོར་200ལྷག་ཙམ་རག་པ་མ་ཟད། ད་དུང་ཕ་ཡུལ་སྔོ་འགྱུར་ལས་ཀའི་ནང་ཞུགས་ཐུབ་པར་དངོས་གནས་དགའ་ཚོར་ཆེན་པོ་འདུག”ཅེས་མྱོང་ཚོར་ཟབ་མོས་བཤད།

    ས་ཆ་དེར་ཐུར་ལྟ་བྱེད་སྐབས་དེ་སྔའི་གང་སར་སྐྱ་ཐེར་ཐེར་གྱི་རི་བོ་ད་ཆ་སྔོ་ལྗང་ལྗོན་ཤིང་གིས་ཁེངས་པ་དང་། སྡོང་ཕྲུག་གསར་པ་གྲལ་འགྲིག་པོས་སྐྱེས་པ། ཆུ་འདྲེན་མ་ལག་ནས་ཆུ་བདེ་བླག་ངང་འདྲེན་པ། གཡོག་བྱེད་མཁན་གྱིས་གཡོག་བྱེད་ཡག་པོ་བྱེད་བཞིན་ཡོད། བརྗིད་ཆགས་ཡིད་དུ་འོང་བའི་སྔོ་ལྗང་གི་རྣམ་པ་དེར་འཛུགས་སྐྲུན་མཁན་གྲངས་ལས་འདས་པའི་སེམས་ནུས་འདུས་ཡོད།

    ལས་གྲྭ་བདག་སྐྱོང་གི་དུས་མཚམས་སུ་སླེབས་པ་དང་ལྗང་མདོག་གི་སྲུང་བཅད་དེའང་རྒྱུན་མཐུད་ཆེ་རུ་ཕྱིན་ནས་ས་མཐོའི་རི་སྔོ་ཆུ་དྭངས་བསྲུངས་ཏེ། རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་བྱ་ཡུལ་དུ་གྱུར་ནས་ཕ་ཚ་བུ་རྒྱུད་ལ་བདེ་སྐྱིད་སྐྲུན་པའི་སྔོ་ལྗང་གི་ནོར་བུར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།