ལྷ་ས་གྲོང་ཁྱེར་གྱི“གངས་ལྗོངས་ཀྱི་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི”འཆད་ཁྲིད་ཚོགས་པས།
དབྱར་དུས་ཀྱི་མེ་སྐྱོན་སྔོན་འགོག་ལས་དོན་ཡག་པོ་སྒྲུབ་པ།
དབྱར་དུས་དྲོད་ཚད་རིམ་བཞིན་མཐོ་རུ་སོང་བ་དང་བསྟུན་ནས་མེ་སྐྱོན་གྱི་ཉེན་ཁ་ཡང་ཆེ་རུ་ཕྱིན་ཞིང་། དབྱར་དུས་ཀྱི་མེ་སྐྱོན་སྔོན་འགོག་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ། སྡེ་ཁུལ་ལས་དོན་པ་དང་སྡེ་ཁུལ་གྱི་གྲོང་མིའི་མེ་ཟོན་བདེ་འཇགས་འདུ་ཤེས་དང་སྔོན་འགོག་རང་སྐྱོབ་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། ཉིན་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི“གངས་ལྗོངས་ཀྱི་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི”འཆད་ཁྲིད་ཚོགས་པས(ཡན་ལག་རུ་ཁག)སྡེ་ཁུལ་དུ་མེ་ཟོན་དྲིལ་བསྒྲགས་ལས་དོན་རྒྱུན་མཐུད་སྤེལ་བ་རེད།
འཆད་ཁྲིད་ཚོགས་པའི(ཡན་ལག་རུ་ཁག)ཁོངས་མི་དང་མེ་ཟོན་དང་བླངས་པས་མཉམ་དུ་གྲོང་མིར་ངོ་ཐུག་གདོང་འཕྲད་ཀྱི་སྒོ་ནས་མེ་ཟོན་ཤེས་བྱར་འགྲེལ་བཤད་བརྒྱབ་ཅིང་། དེའི་ནང་དོན་ལ་ཁྱིམ་ཚང་གི་མེ་སྤྱོད་དང་། གློག་སྤྱོད། སོལ་རླངས་སྤྱོད་པ་བཅས་ཀྱི་བདེ་འཇགས་དང་དེ་བཞིན་གློག་སྒུལ་རྐང་འཁོར་བདེ་འཇགས་བེད་སྤྱོད་ཀྱི་དོ་སྣང་བྱེད་དགོས་པའི་དོན་ཚན་ཚུད་ཡོད། དེ་དང་ཆབས་ཅིག གྲོང་མིར་རྒྱུན་གཏན་འཚོ་བའི་ཁྲོད་མེ་ཟོན་བགྲོད་ལམ་མི་བཟུང་བ་དང་། ཁྱིམ་གྱི་གློག་ཆས་གློག་སྐུད་ལ་དུས་ཐོག་ཏུ་ཞིབ་བཤེར་བྱེད་པ། མེ་ཟོན་བདེ་འཇགས་ཀྱི་བྱ་སྤྱོད་དང་གོམས་གཤིས་བཟང་པོ་འཇགས་པ་བཅས་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་རིང་། རིམ་རྩིས་བརྒྱབ་ན་སྡེ་ཁུལ་དུ་དྲིལ་བསྒྲགས་བྱེད་སྒོ་ཐེངས་130ལྷག་ཙམ་སྤེལ་བ་དེ་སྡེ་ཁུལ་153ལ་ཁྱབ་པ་དང་། གཞི་རིམ་མི་སྣ་མི་ཐེངས་5800ལ་གསོ་སྦྱོང་བྱས་པ། མེ་ཟོན་དྲིལ་བསྒྲགས་ལག་དེབ་དང་རྒྱ་ཁྱབ་བརྡ་སྦྱོར་སོགས་ཀྱི་དཔྱད་ཡིག་2650ལྷག་ཙམ་སྤྲད་པ། སྒུལ་བདེའི་དྲིལ་བསྒྲགས་ས་ཚིགས་17བཙུགས་པ། མེ་ཟོན་སྐོར་གྱི་སྤྱི་ཕན་བརྡ་ཁྱབ་ཐེངས་120ལྷག་ཙམ་བཏང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།