རིག་གནས་ཡུལ་སྐོར་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་རྩོམ།
“འཛམ་གླིང་ཡང་རྩེའི”མཛེས་སྡུག་ལྡན་པའི་ཞིང་ཁམས་སུ་བསྐྱོད་ཚེ། མིག་གི་མཐོང་ཆོས་ཚང་མ་མཛེས་ལྗོངས་ཡིན་པ་དང་ཚང་མར་རིག་གནས་ཀྱི་དོན་སྙིང་ལྡན་ཞིང་། མཁའ་ལ་སྙེགས་པའི་གངས་རིས་གནའ་བོའི་གཏམ་རྒྱུད་བརྗོད་པ་དང་། ལང་ལོང་དུ་རྒྱུག་པའི་གཙང་ཆུས་ལོ་རྒྱུས་ཀྱི་འཕོ་འགྱུར་གླེང་། འཁོར་བཞིན་པའི་མ་ཎི་ལག་འཁོར་གྱིས་གནའ་བོའི་སྨོན་འདུན་གྲངས་མེད་འདོན།
ངོ་མཚར་ཆེ་བའི་བོད་ལྗོངས་ཀྱིས་རིག་གནས་ཡུལ་སྐོར་འབྲེལ་ཐག་ཏུ་བྱས་ཏེ་སྐྱེ་ཁམས་མཛེས་སྡུག་དང་། རིག་གནས་དར་རྒྱས། མི་སེར་འབྱོར་ཕྱུག་བཅས་ཀྱི་གཏམ་རྒྱུད་གསར་པ་རྒྱུན་ཆད་མེད་པར་རྩོམ་བཞིན་ཡོད།
དགུང་སྔོན་ཆུ་དྭངས་སྲུང་བ།
ལྷ་ས་ནས་ཐོན་ཏེ་མཚོ་བོད་གཞུང་ལམ་བརྒྱུད་བྱང་ཕྱོགས་སུ་བསྐྱོད་ནས་ས་བབ་སྨི་5190ཡོད་པའི་ལ་རྒན་ལ་བརྒྱབ་རྗེས། དྭངས་གསལ་གཡུ་ཡི་མེ་ལོང་འདྲ་བ་ཞིག་འདྲེན་བྱེད་ལམ་དུ་ལྷམ་མེར་འཆར་བ་དེ་ནི་ས་བབ་སྨི་4718ཡོད་པའི་གནམ་མཚོ་ཕྱུག་མོ་རེད། དེ་གར་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བས་མཚོ་འགྲམ་དུ་དགའ་ཚོར་ཆེན་པོས་མཛེས་ལྗོངས་ལ་རོལ་བཞིན་ཡོད།
འདས་སོང་གི་གནས་ཚུལ་ལ་ཕྱིར་དྲན་བྱེད་སྐབས་གནམ་མཚོའི་མཛེས་ལྗོངས་སྲུང་སྐྱོང་གསར་སྤེལ་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཀྲང་ལུང་ཆོན་གྱིས“སྔོན་ཆད་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བས་གང་འདོད་དུ་མཚོ་ནང་གི་ཉ་མོར་ཟས་སྟེར་བ་དང་། རླངས་འཁོར་གང་བྱུང་དུ་འཇོག་པ། གད་སྙིགས་གང་བྱུང་དུ་གཡུག་པ་སོགས་ཀྱི་སྣང་ཚུལ་ཡང་ཡང་ཐོན་གྱི་ཡོད། གནམ་མཚོའི་སྐྱེ་ཁམས་མ་ལག་ཧ་ཅང་ཉམས་ཞན་ཡིན་པས་རིག་གནས་ཡུལ་སྐོར་གསར་སྤེལ་བྱེད་པར་ངེས་པར་དུ་སྲུང་སྐྱོང་གཙོ་བོར་འཛིན་དགོས”ཞེས་བརྗོད།
དེར་བརྟེན་མཛེས་ལྗོངས་ཁུལ་གྱིས་སྲུང་སྐྱོང་བྱེད་ཐབས་ནན་པོ་ལག་ལེན་བསྟར་བ་སྟེ། ལྟེ་བའི་སྲུང་སྐྱོང་ཁུལ་དང་ཡུལ་སྐོར་ཁུལ་དབྱེ་ནས་ལྟེ་བའི་ཁུལ་དུ་གསར་སྤེལ་གཏན་འགོག་བྱེད་པ་དང་། ཡུལ་སྐོར་ཁུལ་དུ་ཡུལ་སྐོར་བའི་གྲངས་འབོར་ཚོད་འཛིན་ནན་པོ་བྱེད་པ། གད་སྙིགས་ཚང་མ་དུས་ཐོག་ཏུ་གཙང་སེལ་བྱེད་པ་དང་གཅིག་གྱུར་ངང་ཕྱིར་དབོར་བ། སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ས་ཚིགས་བཙུགས་ནས་ཆུའི་སྤུས་ཚད་དང་སྔོ་ཁེབས་ཀྱི་འགྱུར་ལྡོག་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་པ། ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་འབར་སྣུམ་རླངས་འཁོར་གྱི་ཚབ་བྱས་པ་དང་ཐ་ན་གསང་སྤྱོད་ལའང་སྐྱེ་ཁམས་གཙང་སེལ་ལག་རྩལ་སྤྱད་ནས་བཙོག་ཆུ་ཕྱིར་འབུད་མི་བྱེད་པའི་འགན་ལེན་བྱེད་པ་ལ་སོགས་རེད།
འགྱུར་ལྡོག་ནི་ཧ་ཅང་མངོན་གསལ་དོད་པོ་བྱུང་ཡོད་དེ། མཚོ་འགྲམ་གྱི་སྐྱར་མོ་མཆུ་དམར་མང་དུ་ཕྱིན་པ་དང་མཚོ་ནང་ཉ་མོའི་ཁྱུ་ཚོགས་འཕེལ་བ་མ་ཟད། མཛེས་ལྗོངས་ཁུལ་དུ་ཐ་ན་གཙོད་དང་འབྲོང་སོགས་རི་སྐྱེས་སྲོག་ཆགས་ཀྱང་མཐོང་རྒྱུ་ཡོད།
འགྱུར་ལྡོག་ཆེ་ཤོས་ནི་ས་གནས་དེ་གའི་མང་ཚོགས་ཀྱི་འཚོ་བ་ཡིན་ཞིང་། ད་ཆ་ཡུལ་དེ་གའི་མང་ཚོགས་དེ་བས་མང་བ་ལྟ་མཁན་ནས་ཞུགས་མཁན་དུ་གྱུར་པ་སྟེ། ཡུལ་མི་མི་ཉུང་བ་ཞིག“ནགས་སྲུང་རུ་ཁག”ནང་ཞུགས་ནས་རྩྭ་ར་དང་ཆུ་ཕྲན་རེ་རེར་བདག་སྐྱོང་ཞིབ་ཚགས་བྱེད་པ་མ་ཟད། ད་དུང་རང་འགུལ་ངང་ཡུལ་སྐོར་བར“ཤུལ་མེད་ལྟ་སྐོར”གྱི་འདུ་ཤེས་དྲིལ་བསྒྲགས་བྱེད་ཀྱི་ཡོད། གྲོང་མི་ལ་ལས་མཛེས་ལྗོངས་ཁུལ་དུ་རྟ་དང་གཡག་འཁྲིད་པ་དང་ལ་ལས་འཁེལ་འཐག་དང་ཐང་ཁ་སོགས་བཟོ་རྩལ་ཐོན་རྫས་འཚོང་བ་དེ་མཛེས་ལྗོངས་ཁུལ་གྱི་རིག་གནས་བསམ་བཀོད་ཅིག་ཏུ་གྱུར་ཡོད།
ཀྲང་ལུང་ཆོན་གྱིས“བྱེད་ཐབས་དེ་དག་ལས་ཐད་ཀར་རམ་བར་བརྒྱུད་ངང་ས་གནས་དེ་གའི་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་2000ཙམ་འཕར་བར་སྐུལ་ཁྲིད་ཐུབ་ནས། སྐྱེ་ཁམས་སྲུང་སྐྱོང་གི་རང་རྟོགས་བྱ་སྤྱོད་ལ་དམངས་འཚོའི་འདེགས་སྐྱོར་བརྟན་པོ་བྱུང་ཡོད”ཅེས་བརྗོད།
མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཐུབ་པ།
དབྱར་དུས་ཀྱི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་གྱི་མཐུན་སྒྲིལ་ཐང་ཆེན་དུ་སྙན་འཇེབས་ལྡན་པའི་རྔ་བོ་དྲག་རྡུང་གི་སྒྲ་དབྱངས་གྲགས་པ་དང་བསྟུན་ནས་སེང་གེ་དམར་གསེར་ཞིག་མཁའ་དབྱིངས་སུ་མཆོང་བའི་རྣམ་པ་དེ་བརྗིད་ཉམས་ལྡན་ཞིང་། དེར་ཡོད་པའི་ལྟད་མོ་བ་ཚོས་སྐད་གསང་མཐོན་པོས་དགའ་འབོད་ཡང་ཡང་བྱེད་པ་དང་ཕྲུ་གུ་ཚོས་དགའ་སྤྲོའི་ངང་དེར་ལད་མོ་བྱེད།
འཁྲབ་སྟོན་དེར་ཞིབ་པར་བལྟས་ཚེ། སྲོལ་རྒྱུན་གྱི་སེང་རྩེད་ཀྱི་ཉམས་འགྱུར་ལྡན་ལ་བོད་རིགས་ཀྱི་སྒོར་གཞས་ཀྱི་སྟངས་སྟབས་ཀྱང་འདྲེས་ཡོད་ཅིང་། ད་ཆ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཏུ་གྱུར་ཡོད།
འཁྲབ་སྟོན་གྱི་བར་གསེང་དུ་རྒྱུན་འཛིན་པ་མི་རབས་ལྔ་པ་བསྟན་པ་ཨ་ཉི་ཡིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་པའི་རྔ་ཆེན་པོ་དེར་དལ་གྱིས་བྱིལ་བྱིལ་བྱེད་པ་དང་ཁོང་གི་རྔ་ལ་བལྟས་པ་ཙམ་གྱིས་ལོ་ཟླ་མང་པོ་སོང་བ་ཚོར་ཐུབ། “ད་ཆ་ང་ཚོར་རང་ཉིད་ཀྱི་ནང་སྦྱོང་ཁང་ཡོད་པས་སྦྱོང་བརྡར་བྱེད་པའི་དུས་ཚོད་ཀྱང་མང་པོ་འདུག”ཅེས་བརྗོད།
ད་ཆ་ཤོ་པ་མདོ་གྲོང་རྡལ་གྱིས་རྒྱུན་མཐུད་ངང་སློབ་གྲྭར་མངོན་མིན་རིག་གནས་ཤུལ་བཞག་ཁྱབ་གདལ་བཏང་བ་དང་གྲོང་རྡལ་གྱི་སློབ་ཆུང་དུ་སྤྲོ་སྣང་འཛིན་གྲྭ་བཙུགས་ཤིང་། མངོན་མིན་རིག་གནས་ཤུལ་བཞག་གི་སློབ་ཚན་ལ་ཕྲུ་གུ་མི་ཐེངས་100ལྷག་ཙམ་ཞུགས་པ་དང་ཕྲུ་གུ་20ལྷག་ཙམ་མངོན་མིན་རིག་གནས་ཤུལ་བཞག་དེའི་རྒྱུན་འཛིན་པ་གསར་པར་གྱུར་ཡོད།
“སྐྲུན་བཞིན་པའི་ཤོ་པ་མདོའི་ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་ཆུང་གྲས་དེས་ཇ་རྟའི་གནའ་ལམ་གྱི་རིག་གནས་དང་། གསར་བརྗེའི་དྲན་ཤེས། མི་རིགས་མཐུན་སྒྲིལ་ཀྱི་གཏམ་རྒྱུད་བཅས་སྦྲེལ་མཐུད་བྱས་ཡོད། མིག་སྔར། ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་དང་། ལོ་རྒྱུས་རིག་གནས་ཀྱི་ཁྱམས་རིང་། ཇ་རྟའི་རྗེས་འཚོལ་འཛུགས་སྐྲུན་སོགས་ལས་དོན་ཁག་ཚང་མ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད”ཅེས་གྲོང་རྡལ་གྱི་ཀྲེན་ཀྲང་གཡུ་སྒྲོན་གྱིས་ངོ་སྤྲོད་བྱས། 2025ལོར་ཤོ་པ་མདོ་གྲོང་རྡལ་འདི་ཉིད“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་རྡལ”ལ་བདམས་པ་དེས་ལོ་ངོ་སྟོང་གི་གནའ་བོའི་གྲོང་རྡལ་དེའི་མཛེས་སྡུག་ལྡན་པའི་འཕོ་འགྱུར་ལ་བདེན་དཔང་བྱས་ཡོད།
ཁྱིམ་གྱི་སྒོ་ཁར་ཡུལ་སྐོར་གྱི་ཡོང་འབབ་བྱུང་བ།
གངས་རི་བརྗིད་ཉམས་ཆེ་ལ་མཚོ་མོ་དྭངས་ཤིང་གསལ། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གཡང་ཤོད་ཤང་གི་གསའ་ཕུ་མཛེས་ལྗོངས་ཁུལ་དུ་བོད་རིགས་ཀྱི་འཁྲབ་སྟོན་པ་ཚོས་གླུ་ལེན་གར་འཁྲབ་བྱེད་ཅིང་། ཡུལ་སྐོར་བས་དགའ་འབོད་བྱེད་ཀྱིན་དེའི་ནང་ཞུགས་ནས་མཉམ་དུ་གླུ་གར་གྱི་སྤྲོ་བ་ཉམས་སུ་མྱོང་བཞིན་མཆིས།
མཛེས་ལྗོངས་ཁུལ་གྱི་སྦྲ་གུར་དམངས་སྲོལ་གནས་ཚང་ནང་། བྲག་རོང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འབྲུག་གྲགས་ཀྱིས་སྒྲོག་ཙེའི་འགྲམ་དུ་དཀྱིལ་ཀྲུང་བྱས་ནས་བསྡད་དེ་ཉིན་དེའི་ཇ་བསྲུབ་མ་དང་རྩམ་པ་སོགས་བྲིན་ཚོང་བྱས་པའི་གྲངས་ཐོ་རྒྱག་བཞིན་འདུག ཁོང་གིས་གསར་འགོད་པར་2018ལོར་བྲག་རོང་གྲོང་ཚོའི་མཉམ་ལས་ཁང་བཙུགས་ནས་གསའ་ཕུ་མཛེས་ལྗོངས་ཁུལ་གྱི་བཟའ་བཏུང་དང་དམངས་སྲོལ་གནས་ཚང་གཉེར་སྐྱོང་བྱེད་འགོ་ཚུགས། ཡུལ་སྐོར་བ་མང་དུ་ཕྱིན་པས་སྲོལ་རྒྱུན་གྱི་འབྲོག་ལས་གྲོང་ཚོ་དེར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་སོང་ཞེས་བརྗོད།
རང་ཁྱིམ་གྱི་སྒོ་ཁར་ཡུལ་སྐོར་གྱི་ཡོང་འབབ་བྱུང་བའི་སྐོར་གླེང་སྐབས། བསྟན་འཛིན་དར་རྒྱས་ལའང་དེའི་སྐོར་ཤོད་འདོད་བྱུང་ཞིང་། 2021ལོར་ཁོ་རང་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ཐོན་ཏེ། མཛེས་ལྗོངས་ཁུལ་དུ་ལས་ཀར་ཡོང་ནས་རང་ཉིད་ཀྱི་ཕ་ཡུལ་གྱི་འགྱུར་ལྡོག་ལ་བདེན་དཔང་བྱས། “སློབ་གྲྭ་ཆེ་མོ་བ་མང་པོ་ཞིག་ལ་རང་ཁྱིམ་གྱི་སྒོ་ཁར་ལས་ཀ་རག་ཡོད། ང་ཚོས་སློབ་གྲྭ་ཆེ་མོ་བ་6མཛེས་ལྗོངས་ཁུལ་གྱི་འགྲེལ་བཤད་པར་བསྡུས་པ་ཡིན། དེ་ལས་ཞབས་ཞུའི་སྤུས་ཚད་ཡག་ཏུ་ཕྱིན་པ་མ་ཟད། གཞོན་ནུ་ཚོར་ཡང་ལས་ཞུགས་ཀྱི་གོ་སྐབས་མཁོ་འདོན་ཐུབ་ཡོད”ཅེས་ཁོང་གིས་བརྗོད།
གྲངས་གཞི་ལས་མངོན་པར། 2024ལོར་གསའ་ཕུ་མཛེས་ལྗོངས་ཁུལ་གྱིས་ཁྱོན་ཡུལ་སྐོར་བ་ཁྲི་2.24ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་1972.97བྱུང་བ་དང་། 2025ལོའི་ལོ་སྟོད་དུ་ཡུལ་སྐོར་བ་མི་ཐེངས་ཁྲི་1.66ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་1019.54བྱུང་བ་དེ་དུས་མཚུངས་ལས་149.69%དང་71.84%སོ་སོར་འཕར་ཡོད། མི་རིང་བའི་གོང་། གསའ་ཕུ་མཛེས་ལྗོངས་ཁུལ་འདི་ཉིད་རྒྱལ་ཁབ་ཀྱི་A4རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་དངོས་སུ་བདམས་ཡོད།
(《འོད་ཟེར་ཉིན་རེའི་ཚགས་པར》གྱི་2025ལོའི་ཟླ་7ཚེས་24ཉིན་གྱི་པར་ངོས་གསུམ་པ་ནས་བརྒྱུད་འགོད་བྱས)
འབྲེལ་ཡོད་གསར་འགྱུར།