དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-30

    ཉེ་ཆར། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་གྱི་ཆེད་དོན་ཚོགས་འདུ་ལྷ་སར་འཚོགས་ནས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་སྦྲགས་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་བ་རེད།

    ཀརྨ་ཚེ་བརྟན་གྱིས་གསུངས་དོན། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་གནང་བའི་ལམ་ལུགས་ཀྱི་གསར་གཏོད་གལ་ཆེན་དང་སྒྱུར་བཅོས་ཀྱི་བྱེད་ཐབས་གལ་ཆེན་ཞིག་རེད། བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་གལ་ཆེན་ཞིག་ཡིན་པས། སྐྱེ་ཁམས་འཐབ་ཇུས་ཀྱི་གནས་བབ་ནི་གལ་འགངས་ཤིན་ཏུ་ཆེ། ང་ཚོས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་དུ་ལངས་ནས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ། བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས།  མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་སུ་བརྩིས་ནས་ལོ་རྒྱུས་དང་། མི་དམངས། འབྱུང་འགྱུར་བཅས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས། འགག་སྒྲོལ་དཀའ་སེལ་དང་རྩ་ལག་མཉམ་བཅོས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།

    ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། རང་འགུལ་ངང་ཚད་གཞི་དང་ཡང་ཡང་བསྡུར་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་ནི་ལྟ་ཞིབ་དག་ཐེར་གྱི་ཕྱོགས་སྟོན་ཡིན་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཕྱོགས་ཡོངས་ནས་རང་བཤེར་རང་བཅོས་བྱེད་པ། དཔེ་མཚོན་གྱོད་དཔེ་དང་། གཙོ་གནད་ཁྱབ་ཁོངས། མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་བཅས་ལ་དམ་པོར་དམིགས་པ། བཅོས་སྒྲིག་དོན་འཁྱོལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། བཅོས་སྒྲིག་ལ་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་རྩ་ལག་མཉམ་བཅོས་བྱེད་པ་དང་། ཚན་རིག་དང་མཐུན་ལ་གནད་སྨིན་དང་ཁྲིམས་བཞིན་སྦགས་བཙོག་བཅོས་སྐྱོང་མཐའ་འཁྱོངས་བྱེད་པ། ཚད་གཞི་དེ་བས་མཐོ་བའི་སྒོ་ནས་དགུང་སྔོན་དང་། ཆུ་དྭངས། ས་གཙང་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཡག་པོ་རྒྱག་པ། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་སྤྱི་འདོམས་བྱེད་པ། སྤུས་ཚད་མཐོ་པོས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ནུས་པ་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བཅས་བྱས་ནས། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་དུས་བབ་མུ་མཐུད་སྲ་བརྟན་དུ་གཏོང་དགོས།

    ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། ཐོག་མཐའ་བར་གསུམ་དུ་ཏང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། ལྟ་སྐུལ་དང་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་མཉམ་སྡེབ་སྟོབས་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། དྲིལ་བསྒྲགས་དང་སྐུལ་སློང་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལྗང་མདོག་གི་ཕོ་ཉ་དང་སྐྱེ་ཁམས་གདོང་ལེན་པར་བརྩོན་ལེན་བྱ་རྒྱུའི་ཁྲིད་སྟོན་ཧུར་ཐག་བྱས་ཏེ་སྤྱི་ཚོགས་ཡོངས་སུ་མི་ཚང་མ་དང་། བྱ་བ་ཚང་མ། དུས་རྟག་ཏུ། ཕྱོགས་གང་ས་བཅས་ལ་སྐྱེ་ཁམས་ཤེས་དཔལ་ལ་བརྩི་འཇོག་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།