དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མི་རིགས་རིག་གནས་གོང་དུ་འཕེལ། ཀྲུང་ཧྭའི་རིག་མཛོད་བཀྲག་མདངས་འཚེར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-30

    འབྲི་ཆུ་དང་། རྫ་ཆུ། རྒྱལ་མོ་རྔུལ་ཆུ་བཅས་དྲག་ཏུ་རྒྱུག་པ་དང་། ཇ་རྟའི་གནའ་ལམ་གྱིས་མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ལ་བདེན་དཔང་བྱེད། བོད་ཀྱི་དེང་རབས་སློབ་གྲྭ་དང་པོ་དང་གཞུང་བཙུགས་སྨན་ཁང་དང་པོ་ལས་གངས་ལྗོངས་ས་མཐོའི་གསར་བརྗེའི་གཏམ་རྒྱུད་གླེང་བ་དང་། ཐང་ག་དང་ལྷོ་རོང་གི་བོད་གྲིས་ས་མཐོའི་མི་རིགས་རིག་གནས་རྒྱུན་འཛིན་དང་གསར་གཏོད་ཀྱི་ལོ་རྒྱུས་གླེང་བཞིན་མཆིས།

    འཕྲེད་བཅད་རི་རྒྱུད་བརྗིད་ཉམས་ཆེ། གཙང་གསུམ་མཉམ་རྒྱུག་མཚར་སྡུག་བཀྲ ཆབ་མདོས་དཔའ་བོའི་གཏམ་རྒྱུད་བརྐོས་པའི་གསར་བརྗེའི་ས་གཞི་འདིའི་སྟེང་རྩ་བ་ཚུགས་ནས། གཞུང་འཁྱོངས་གསར་འབྱེད་ཀྱིས་དུས་རབས་གསར་པའི་མི་རིགས་མཉམ་འདྲེས་ཀྱི་བརྩེ་བ་དང་། གསར་བརྗེའི་རིག་གནས་ཀྱི་ཉམས་འགྱུར། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བཅས་ཀྱི་ལེའུ་གསར་པ་རྩོམ་པར་བྲེལ།

    གནའ་ལམ་དང་དེང་གི་ལམ་བུ་ལས་འཕྲོས་པའི་མི་རིགས་མཉམ་འདྲེས་ཀྱི་ལོ་རྒྱུས།

    ཆབ་མདོའི་ཇ་རྟའི་ཐང་ཆེན་དུ་བསྐྱོད་སྐབས་མི་རིགས་ཀྱི་ཉམས་འགྱུར་གྱིས་ཕྱུག་པའི་སྐྲུན་དངོས་རེ་རེ་གྲལ་སྟར་འགྲིག་པོར་གནས་པ་དང་། ཚོང་ཁང་ནང་ས་གནས་ཁག་གི་ཚོང་ཟོག་སྣ་ཚོགས་ཀྱིས་ཁེངས་པ། ཡུལ་སྐོར་བ་ཚོས་དེ་གར་ཚོང་ཟོག་འདེམ་པའམ་ཡང་ན་ཚོང་པ་དང་གོང་ཚད་སྒྲིག་བཞིན་ཡོད་པས། འཁྲུག་ཆ་དོད་པའི་རྣམ་པ་འདི་ལྟ་བུ་སྔོན་ཆད་འདུ་འཛི་ཆེ་བའི་ཇ་རྟའི་ཚོང་འདུས་ཀྱི་རྣམ་པ་དང་གཉིས་སུ་མ་མཆིས།

    ས་མཐོར་འཚོ་བ་སྐྱེལ་བཞིན་པའི་བོད་རིགས་མང་ཚོགས་ཚོའི་ངོས་ནས་བརྗོད་ན། ཇ་ལོ་ནི་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན་ཞིང་། སི་ཁྲོན་དང་ཡུན་ནན་གྱི་ཇ་ལོ་བོད་ཀྱི་ས་གནས་ཁག་ཏུ་སྐྱེལ་འདྲེན་བྱ་ཆེད། ལོ་ངོ་སྟོང་ཕྲག་རིང་། དོ་པོ་བྱུར་བུར་བཀལ་བའི་དྲེལ་པ་རུ་ཁག་མང་པོས་སི་ཁྲོན་དང་། ཡུན་ནན། བོད་བཅས་ཀྱི་རི་མཐོ་གཡང་གཟར་མང་པོ་བརྒྱུད་ནས་ཚོང་དོན་འགྲིམ་འགྲུལ་གྱི་ལམ་ཐིག་མང་པོ་བཏོད་པས་ཇ་རྟའི་གནའ་ལམ་འདི་གྲུབ་ཡོད། ཆབ་མདོ་ཡང་ཇ་རྟའི་གནའ་ལམ་ཐོག་གི་དངོས་ཟོག་བསྡུ་འགྲེམས་བྱ་ཡུལ་གལ་ཆེན་གྱི་གྲས་ཤིག་རེད།

    ཁལ་མའི་གཡེར་དྲིལ་སྒྲ་དབྱངས་སྙན་ཞིང་འཇེབས། ལོ་ངོ་སྟོང་གི་ཚོང་དོན་འབྲེལ་ལམ་ཟབ།

    ཆབ་མདོ་གྲོང་ཁྱེར་རྟེན་མཛོད་ཁང་གི་ཀོན་ཀྲང་བློ་བཟང་ཚེ་རིང་གིས“ཇ་རྟའི་གནའ་ལམ་ལས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་བཟང་བརྒྱུད་བསྒྲགས་ཐུབ་པ་མ་ཟད། མི་རིགས་མཐུན་སྒྲིལ་དང་། ཉེན་ཁར་མི་འཛེམ་པར་གསར་འབྱེད། གན་རྒྱའི་ཁ་དན་ཚིག་གནས་བཅས་ཀྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་བཞིན་ཡོད”ཅེས་བཤད།

    མཐོན་པོའི་རི་རྒྱུད་དང་དྲག་ཏུ་རྒྱུག་པའི་ཆུ་བོ་ལས་བོད་དང་ས་གནས་ཁག་དབར་གྱི་སྤེལ་རེས་ཀྱི་རྒྱུན་ཆད་མེད།

    གནའ་ལམ་གྱི་འགག་མདོར་གནས་པའི་ཆབ་མདོས་ས་ཁོངས་མི་འདྲ་བའི་མི་རྣམས་ཀྱིས་རི་ཆུ་སྟོང་ཕྲག་བརྒལ་ཏེ་ཆར་རླུང་གངས་འཁྱགས་ལ་མི་འཛེམ་པར་མི་སེམས་འགུལ་བའི་སྙན་ངག་རིང་མོ་ཞིག་བརྩམས་པར་བདེན་དཔང་བྱས་ཡོད།

    སྨར་ཁམས་རྫོང་རྨོག་ཤོད་ཤང་དུ་བོད་རིགས་དང་། རྒྱ་རིགས། ལི་སུའུ་རིགས། འཇང་རིགས་སོགས་མི་རིགས་ཁག་གི་མང་ཚོགས་འཚོ་གནས་བྱེད་བཞིན་ཡོད་པ་མ་ཟད། ཁོང་ཚོས་ཕན་ཚུན་ལྟ་སྐྱོང་དང་མཐུན་སྒྲིལ་མཉམ་ལས་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས་སྙན་མོ་མང་དག་ཅིག་མཉམ་དུ་རྩོམ་བཞིན་མཆིས།

    དབྱར་ཁར་རྨོག་ཤོད་ཤང་སློབ་ཆུང་དུ་ལྗོན་ཤིང་གཡུ་ལོ་ཐགས་སུ་བཀྲ་ཞིང་། སློབ་མའི་དཔེ་ཀློག་གི་སྒྲ་སྙན་པོ་རྒྱུན་ཆད་མེད་པར་ཐོས་རྒྱུ་ཡོད། ལོ་40ལ་སླེབས་པའི་པའེ་རིགས་ཀྱི་དགེ་རྒན་ལེ་ཡུན་ཁྲུན་དེ་གར་དཔེ་ཁྲིད་མི་སྐྱོང་གི་ལས་ལ་གཞོལ་ནས་ལོ་19ཙམ་འདས།

    “ང་ནི་ཡུན་ནན་ལི་ཅང་ནས་ཡིན། སློབ་གྲྭ་ཐོན་རྗེས་འདི་གར་དགེ་རྒན་བྱེད་པར་ཡོང་བ་ཡིན་ལ། འདི་ནས་རང་ཉིད་ཀྱི་རིན་ཐང་དང་བདེ་སྐྱིད་ཀྱང་རྙེད་བྱུང་། ཕྲུ་གུ་ཚོས་ཤེས་བྱར་སྐོམ་པ་ཆུ་འདོད་ལྟར་གྱི་རེ་འདོད་ཆེན་པོ་བྱེད་པ་ནི་ངས་གནས་འདི་བརྟན་སྲུང་བྱེད་པའི་སྒུལ་ཤུགས་ཡིན། འདི་གར་ངའི་ཆེས་དགའ་ཤོས་ཀྱི་སློབ་མ་དག་ཡོད་པས་ངའི་ཕ་ཡུལ་གཉིས་པ་རང་ཡིན”ཞེས་ལེ་ཡུན་ཁྲུན་གྱིས་ངོ་གདོང་ལས་འཛུམ་མདངས་འཕྱུར་བཞིན་བཤད།

    གསར་བརྗེའི་ས་གཞི་གཤིན་པོ་ལས་དཔའ་བོའི་རང་མདངས་མངོན།

    ཆབ་མདོ་གྲོང་ཁྱེར་ཆབ་མདོ་ནུབ་ལམ་གྱི་སྒོ་རྟགས་ཨང་24པར་ཐོག་སོ་གཉིས་ལྡན་གྱི་ཁང་པ་ཆུང་ངུ་ཞིག་ཡོད།

    1950ལོའི་ཟླ་བ་9པར། ཀྲུང་གུང་ཆབ་མདོ་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་པ་དེ་ནི་ཀྲུང་གུང་བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་ཏང་གིས་བོད་ལ་བདག་སྐྱོང་བྱེད་པ་དང་ལས་དོན་སྤེལ་བའི་ས་ཁུལ་རིམ་པའི་ཏང་རྩ་འཛུགས་དང་པོ་དེ་ཡིན་པས། དེས་ཆབ་མདོ་བཅིངས་འགྲོལ་གཏོང་བར་རྩ་འཛུགས་ཀྱི་གྲ་སྒྲིག་བྱས་ཡོད།

    1950ལོའི་ཟླ་10ཚེས་19ཉིན་བོད་ལྗོངས་ཆབ་མདོར་བཅིངས་འགྲོལ་བཏང་ནས་སྐར་ལྔའི་དར་དམར“འཛམ་གླིང་ཡང་རྩེར”བཙུགས་པས་བོད་ཤར་ས་གཞི་ཆེ་མོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་བོད་ཤར་བུ་ཕྲུག་རྣམས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་ཡོད།

    1951ལོའི་ཟླ་1ཚེས་1ཉིན་ཆབ་མདོ་ས་ཁུལ་མི་དམངས་བཅིངས་འགྲོལ་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས། དེ་རྗེས་ཁང་པ་ཆུང་ངུ་འདིའི་ནང“བོད་ཀྱི་ལོ་རྒྱུས་ཐོག་གི་ཐེངས་དང་པོ”མང་དག་ཅིག་ཐོན་པ་སྟེ། དེང་རབས་ཀྱི་སློབ་གྲྭ་དང་པོ་དང་། གཞུང་བཙུགས་སྨན་ཁང་དང་པོ། སྦྲག་སྲིད་ཁང་དང་པོ་སོགས་རེད། ད་ཆ་འདི་ག་ནི་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་གྱུར་ནས་ཆབ་མདོར“གསར་བརྗེའི་རྗེས་ཤུལ”ཟབ་མོ་བཞག་ཡོད།

    ཆབ་མདོ་ནི་བོད་ཀྱི་བཅིངས་འགྲོལ་གཏོང་ས་དང་པོ་དེ་ཡིན་པས། གསར་བརྗེའི་ས་བོན་ས་གཞི་ཆེ་མོ་འདིའི་ཐོག་ལེགས་པར་བཏབ་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སེམས་ནུས་ཡོད་རྒུ་བཏོན་ནས་གསར་བརྗེའི་ཐོན་ཁུངས་ལ་སྲུང་སྐྱོང་ཡག་པོ་དང་། དོ་དམ་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱེད་དགོས” “མཚོན་ནུས་དང་། བརྒྱུད་སྤེལ་ནུས་པ། ཤུགས་རྐྱེན་ཐེབས་ནུས་བཅས་ཆེ་རུ་བཏང་སྟེ་གསར་བརྗེའི་རིག་གནས་གསོན་ཉམས་དོད་པོས་བརྒྱུད་སྤེལ་བྱེད་དགོས”ཞེས་གསུངས་ཡོད།

    ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་གསར་བརྗེའི་རྗེས་ཤུལ་ལ་སྲུང་སྐྱོང་དང་འགྲེམས་སྟོན་གྱི་ལས་དོན་ཧུར་ཐག་བསྒྲུབས་ཤིང་། གསར་བརྗེའི་ལོ་རྒྱུས་དང་། གསར་བརྗེའི་གཏམ་རྒྱུད། དཔེ་མཚོན་མི་སྣ་བཅས་རྒྱབ་ལྗོངས་སུ་བྱས་ཏེ《སྟག་མ་ལའི་བླ་སྲོག》དང《རྟ་མདའ་རི་བོའི་བླ་སྲོག》སོགས་རིག་རྩལ་བརྩམས་ཆོས་གསར་རྩོམ་བྱས་ནས་བཏོན་ཡོད། གསར་བརྗེའི་རིག་གནས་ཡུལ་སྐོར་དམིགས་ས་དང་གསར་བརྗེའི་ཞིབ་སྦྱོང་གི་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཏོད་ནས་གྲོང་ཁྱེར་ཡོངས་ཀྱི་གསར་བརྗེའི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    བོད་ཤར་མུ་ཏིག་ལས་རིག་གནས་ཀྱི་ཉམས་འགྱུར་གསར་པ་མངོན།

    ཆབ་མདོ་ནི་བོད་ཀྱི་གྲོང་ཁྱེར་ཆེ་གྲས་གསུམ་པ་རེད་ལ། ཁམས་པའི་རིག་གནས་ཀྱི་འབྱུང་ཁུངས་གལ་ཆེན་གྱི་གྲས་ཤིག་ཀྱང་རེད། ཁམས་པའི་རིག་གནས་ཀྱི་གཞི་རྟེན་གསོན་ཉམས་དོད་པོ་ཞིག་ཡིན་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྨར་ཁམས་ཀྱི་བྲོའི་སྟངས་སྟབས་རེ་རེའི་ནང་བོད་ཤར་གྱི་བུ་ཕྲུག་ཚོའི་བློ་གཤོག་ཆེན་པོ་དང་དྲང་བདེན་གྱི་གཤིས་ཀ་འདུས་པ་དང་། ཚྭ་དོང་ནས་ཚྭ་ཆུ་བླངས་ཏེ་ཚྭ་སྐེམ་པའི་ལག་རྩལ་ལས་ལོ་ངོ་སྟོང་ཕྲག་རིང་གི་མི་རིགས་ཁག་དབར་འགྲོ་འོང་གི་ལོ་རྒྱུས་ལ་བདེན་དཔང་བྱས་པ་མ་ཟད། ཡུལ་དེའི་མང་ཚོགས་ཀྱི་འཚོ་གནས་ཀྱི་བློ་གྲོས་ཀྱང་འདུས་ཡོད། སྤོ་ལོ་སྐུ་ཚེའི་པར་ཤིང་བརྐོ་བའི་ལག་རྩལ་ལས་ས་མཐོའི་མི་རིགས་ཀྱིས་བརྐོ་གྲིར་བརྟེན་ནས་གསུང་རབ་བརྐོ་བ་དང་། པར་ཤིང་ལ་བརྟེན་ནས་ཤེས་དཔལ་བརྒྱུད་སྤེལ་བྱེད་པའི་རིག་གནས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་གཏོད་རང་བཞིན་གྱི་གཞན་འགྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ཁྲོད་ཀྲུང་ཧྭ་རིག་གནས་ཀྱི་འཕེལ་རྒྱུན་རྒྱུན་མཐུད་བྱེད་དགོས་ཞེས་གསུངས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས། ཆབ་མདོས་སྲོལ་རྒྱུན་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་འཛུགས་སྐྲུན་དང་། རིག་གནས་ཐོན་རྫས་གསར་སྤེལ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་རྣམ་པ་སྣ་ཚོགས་ལ་བརྟེན་ནས་གནའ་བོའི་ལག་རྩལ་དང་དེང་རབས་ཀྱི་འཚོ་བ་ཟུང་འབྲེལ་དམ་ཟབ་བྱས་ཡོད།

    ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀརྨ་ཤང་ནི“ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས”ཡིན་ཞིང་། ཡུལ་དེའི་མང་ཚོགས་མི་ཉུང་བ་ཞིག་མི་རབས་ནས་མི་རབས་བར་ཐང་ག་བཞེངས་པ་དང་། ལྕགས་རིགས་རྡུང་བཟོ། རྡོ་བརྐོས་སོགས་མི་རིགས་ལག་ཤེས་རྒྱུན་འཛིན་བྱེད་ཀྱི་ཡོད་པས། སྤྱིར་ན་ཁྱིམ་ཚང་ཚང་མར་བཟོ་བོ་དང་དུད་ཚང་ཚང་མར་རྒྱུན་འཛིན་པ་ཡོད།

    ཀརྨ་ཤང་གི་མ་སྐྱེས་ཨ་མའི་ཐང་ག་བཞེངས་ཁང་དུ་སྐྱོད་སྐབས། མི་ཆོས་རིག་གནས་དང་། ཆོས་ལུགས། མཛེས་ལྗོངས་སོགས་ཀྱི་ཐང་ག་སྣ་ཚོགས་ཡོད་པ་ལས་རེ་ཞིག་གང་དུ་ལྟ་དགོས་མིན་ཡང་མི་ཤེས་པར་ལུས། ལོ་26ལ་སླེབས་པའི་རིན་ཆེན་རྣམ་རྒྱལ་དང་ལོ་24ལ་སླེབས་པའི་དགེ་ཕྲུག་འཆི་མེད་ཕུན་ཚོགས་ཀྱིས་ཞིབ་མོར་བརྡུངས་པའི་སྒོང་ལྤགས་རྣམས་བྲི་གདན་པང་ལེབ་ཐོག་ཏུ་སྦྱོར་བཞིན་ཡོད་པ་དང་མཚམས་མཚམས་སུ་གྲི་ཡིས་རིམ་པ་མི་གཅིག་པའི་ཉམས་ཤིག་འདོན་བཞིན་ཡོད།

    ལྷོ་རོང་གི་བོད་གྲིར་ལོ་ངོ་400ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་དེ་ནི་ཡུལ་དེའི་མང་ཚོགས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ལག་ཆ་ཞིག་ཡིན།

    ཉེ་བའི་ལོ་ཤས་རིང་། ཆབ་མདོས་སྲུང་སྐྱོང་དང་། རྒྱུན་འཛིན། གསར་གཏོད་བཅས་ཀྱི་འདུ་ཤེས་རྒྱུན་འཛིན་བྱས་ཏེ། ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་དང་དམིགས་བསལ་གྱི་དམངས་སྲོལ་ལ་བརྟེན་ནས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་འདུ་འགོད་ལག་ལེན་བསྟར་ཡོད། དམངས་སྲོལ་ཟློས་གར་དང་། སྲོལ་རྒྱུན་ལག་རྩལ། གླུ་གར་རྩལ་འགྲན་སོགས་ཀྲུང་གོའི་རིག་གནས་ཀྱི་རྩ་ཆེའི་ནོར་བུ་དག་གསར་གཏོད་ཁྲོད་རྒྱུན་འཛིན་ཡག་པོ་བྱས་པ་དང་བརྟན་སྲུང་ཁྲོད་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་པར་བྱས་ཡོད།

    གཙང་གསུམ་ཆུ་བོ་དྲག་ཏུ་རྒྱུག ལོ་ངོ་སྟོང་གི་ཤེས་དཔལ་མཉམ་འདྲེས་དང་མཉམ་གནས་ཐུབ། གསར་བརྗེའི་ས་གཞི་གཤིན་པོ་འདིར་དཔའ་བོའི་སྙིང་སྟོབས་གཅིག་རྒྱུན་གཅིག་འཛིན་བྱས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར“བོད་ཀྱི་སྒོ་མོ”ཆབ་མདོས་ཁོང་ཡངས་ལ་བརྟེན་ནས་རྩ་བ་རྒྱུན་འཛིན་དང་སྒོ་དབྱེར་བརྟེན་ཏེ་འཛམ་གླིང་ལ་ཕྱོགས་ནས། གངས་ལྗོངས་ས་མཐོར་ནམ་ཡང་ཉམས་པ་མེད་པའི་རིག་གནས་ཀྱི་ལོ་རྒྱུས་སྙན་ངག་འབྲི་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།