མཚོ་མོ་རིའི་འགྱུར་ལྡོག་ཆེན་པོ།
འདི་ནི་མཚོ་མོ་རིའི་འགྲམ་དུ་གྲོང་མིས་སྤྲོ་གསེང་གཏོང་བཞིན་པ།
དབྱར་གཞུང་གི་བོད་བྱང་ཐང་དུ་མཚོ་མོ་གཡུ་ལྟར་སྔོ་ལ། རྩྭ་ཐང་ཐོག་མེ་ཏོག་སྣ་བརྒྱ་བཞད་ཅིང་། སྤྲིན་དཀར་གྱི་གར་སྟབས་ལིང་ལིང་བསྒྱུར་བས་ཡུལ་ལྗོངས་ཤིན་ཏུ་ལྟ་ན་སྡུག
“ལོ་གཅིག་ནང་གི་དུས་ཚོད་སྐྱིད་ཤོས་སྐབས། གྲོགས་པོ་ཚོ་དང་མཉམ་དུ་མཚོ་འགྲམ་ལ་འཆམ་འཆམ་དུ་ཕྱིན་ནས་ཕ་ཡུལ་གྱི་རྩྭ་ཐང་གི་མཛེས་པ་དངོས་སུ་མྱོང་རོལ་ཐུབ་པས་སེམས་གཏིང་ནས་དགའ་པོ་བྱུང” གཟའ་མཇུག་སླེབས་རིམ་བཞིན་མཚོ་མོ་རིའི་མཚོ་འགྲམ་གྱི་རྐང་ཐང་སྤྲོ་གསེང་ཡུལ་སྐོར་གྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། ནག་ཆུ་གྲོང་རྡལ་ལ་ཐོག་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་དབང་ཕྱུག་གིས་སྐུ་མགྲོན་ཚོར་སེམས་རྩ་འཁོལ་པོས་སྣེ་ལེན་ཞུ་ཀྱིན་བཞིན་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར།
མཚོ་མོ་རི་ནི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནག་ཆུ་གྲོང་རྡལ་བྱང་ཕྱོགས་ཀྱི་སྤྱི་ལེ་15ཙམ་གྱི་མཚམས་སུ་ཡོད་པས། རླངས་འཁོར་བསྡད་ན་ཆུ་ཚོད་ཕྱེད་ཀའི་ནང་སླེབས་ཐུབ། ནག་ཆུ་གྲོང་རྡལ་དང་ཐག་ཉེ་ཤོས་ཀྱི་མཚོ་ཞིག་ཡིན་པའི་ངོས་ནས། ཡུལ་ལྗོངས་ལྟ་ན་སྡུག་ཅིང་འགྲིམ་འགྲུལ་སྟབས་བདེ་བས། གྲོང་མི་དང་ཉེ་འཁོར་གྱི་ཡུལ་མི་ཚོས་སྤྲོ་གསེང་གླིང་ག་གཏོང་ས་ཡག་པོ་ཞིག་ཏུ་གྱུར་ཡོད།
མཚོ་མོ་འདི་ནི་མཛེས་ལྗོངས་ཁོ་ན་ཙམ་མ་ཡིན་པར། ལོ་རྒྱུས་ཀྱི་དྲན་ཤེས་ཟབ་མོ་ཞིག་དང་འབྲོག་ལས་གྲོང་ཚོར་འཕེལ་རྒྱས་བྱུང་བའི་དཔང་པོ་ཞིག་ཡིན།
བྱང་ཐང་གི་གྲོང་རྡལ་གལ་ཆེན་ཡིན་པའི་ནག་ཆུ་ནི་འགྲིམ་འགྲུལ་གྱི་སྦྲེལ་ཚིགས་གལ་ཆེན་ཞིག་ཡིན་པས། མཚོ་བོད་ས་མཐོའི་སྐམ་ལམ་འགྲིམ་འགྲུལ་གྱི་འཕར་རྩ་ཆེན་པོ་ཞེས་འབོད་ཀྱི་ཡོད། ཡིན་ནའང་1954ལོར་མཚོ་བོད་གཞུང་ལམ་ཤར་གཏོང་མ་ཐུབ་གོང་གི་ལོ་རྒྱུས་ཀྱི་དུས་ཡུན་རིང་པོ་ཞིག་གི་ནང་། “མཚོ་བོད་ལམ་ཆེན”ལྟ་བུའི་ནུས་པ་འདོན་མཁན་ནི་ནག་ཆུ་ནས་སྙན་རོང་བརྒྱུད་མཚོ་སྔོན་དུ་སྐྱོད་པའི་ལམ་བུ་ཞིག་ཡིན། ལོ་རྒྱུས་དེབ་ཐེར་ནང་དེ་ལ“ནག་ཆུ་ནས་ཟི་ལིང་དུ་སྐྱོད་པའི་ལམ་ཆེན”ཞེས་ཟེར།
“ང་རང་ཆུང་དུས་བོད་དུ་ཡོང་མཁན་ཚོང་པ་ཚོས་མཚོ་མོ་རིའི་རྒྱུད་ནས་འབྲོག་པ་ངོ་ཤེས་བཙལ་ཏེ། ངལ་དུབ་ཀྱིས་མནར་བའི་ཁལ་མ་དེ་གར་བཅོལ་བ་དང་། དེ་རྗེས། ནག་ཆུ་གྲོང་རྡལ་ནས་རླངས་འཁོར་དང་ཡང་ན་ཁལ་མ་གླས་ནས་ལྷ་སར་འགྲོ་གི་འདུག ཕྱིར་ལོག་སྐབས་ད་དུང་ལག་རྟགས་འགའ་ཡང་ཁྱེར་ཡོང་གི་འདུག” ལོ་ཟླ་མང་པོའི་འབྲེལ་འདྲིས་ལས། རྒྱང་རིང་ནས་ཡོང་བའི་ཚོང་པ་དང་མཚོ་འགྲམ་དུ་གནས་བཅའ་བའི་འབྲོག་པའི་དབར་མཛའ་བརྩེ་ཟབ་མོ་ཆགས་ཡོད་ཅེས་ཆུ་འགོ་རི་མོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རྒྱལ་པོས་བརྗོད།
མཚོ་མོ་རི་ནི་སྔོན་ཆད་མཚོ་སྔོན་ནས་བོད་ལྗོངས་ནག་ཆུ་གྲོང་རྡལ་དུ་མ་སླེབས་གོང་གི་ས་ཚིགས་མཐའ་མ་དེ་ཡིན་ལ། དེ་གར་རྩྭ་ཆུ་འཛོམས་པས། ཁལ་མ་དེད་པའི་ཚོང་པ་ཚོས་ཞག་སྡོད་བྱས་ནས་ངལ་གསོ་རྒྱག་ས་གལ་ཆེན་ཞིག་ཏུ་གྱུར་ཡོད།
དུས་ཀྱི་འཁོར་ལོ་བར་མེད་དུ་འཁོར་བས། མཚོ་འགྲམ་གྱི་གནའ་ལམ་དེའི་ཐོག་གི་ཁལ་མའི་དྲིལ་སྒྲ་སྙན་མོ་དེ་དེང་རབས་འགྲིམ་འགྲུལ་ཡོ་བྱད་ཀྱི་ལྡིར་སྒྲར་གྱུར་ཡོད། དེ་སྔའི་ཁལ་མ་དེད་པའི་ཚོང་པ་དང་དམག་སྡེ་དཔུང་རུའི་སྒར་ས་དེ་ད་ཆ་ཡུལ་མི་དང་ཡུལ་སྐོར་བ་ཚོས་སྤྲོ་གསེང་གཏོང་སའི་དགའ་ཚལ་ལ་གྱུར་ནས། ནག་ཆུ་གྲོང་རྡལ་དང་བར་ཐག་ཧ་ཅང་ཉེ་བའི་མཚོ་མོ་འདིའི་འགྲམ་དུ་ལོ་རྒྱུས་དང་དོན་དངོས་གཉིས་ཞི་མཐུན་མཉམ་འདྲེས་བྱུང་ཡོད།
དེ་གར་དགའ་འཛོམས་བྱས་པའི་མི་ཚོགས་ཁྲོད། ལ་ཐོག་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མོན་ཐར་གྱིས་བོད་ཆས་སྤྲས་ཤིང་བྲང་ཁར་ཏང་རྟགས་བཏགས་ཡོད་པ་དང་། ད་ལོ་ལོ་60ལ་བསླེབས་པའི་ཁོང་དང་བོད་རང་སྐྱོང་ལྗོངས་ན་ཟླ་རེད། ཉེ་འཁོར་གྱི་འགྱུར་ལྡོག་སྐོར་གླེང་སྐབས། མོན་ཐར་གྱིས“སྤྱི་ཚོགས་རྙིང་པར་འབྲོག་པ་རྣམས་བརྙས་བཅོས་དང་གཉའ་གནོན་མྱངས་ནས་སྡོད་པ་ལས་གོ་གནས་སོགས་གང་ཡང་མེད། ད་ཆ་མི་ཚང་མ་འདྲ་མཉམ་ཡིན་ཞིང་། དུད་ཚང་ཚང་མར་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལོངས་སུ་སྤྱོད་རྒྱུ་ཡོད། དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ད་དུང་ཏང་དང་སྲིད་གཞུང་གིས་རོགས་སྐྱོར་བྱེད་ཀྱི་ཡོད”ཅེས་མྱོང་ཚོར་ཟབ་མོས་བརྗོད།
དེ་རྗེས་ཁོང་གིས་འཁྲིས་ཀྱི་སྦྲ་གུར་ལ་མཛུབ་མོ་འཛུགས་བཞིན་འདིར་ལྟོས་དང་། འདི་ནི་ང་ཚོ་ཆུང་དུས་ཀྱི་སྡོད་ཁང་ཡིན། ཕྱིས་སུ་འཚོ་བ་ལེགས་སུ་ཕྱིན་པས་ཡངས་ཤིང་དཀར་ཆ་དོད་པའི་གཞིས་ཆགས་ཁང་པའི་ནང་སྤོ་རྒྱུ་བྱུང་། ད་ཆ་སྦྲ་གུར་འདིའི་རིགས་ང་ཚོའི་དབྱར་སྐྱིད་གཏོང་སར་གྱུར་ཡོད”ཅེས་བརྗོད།
མཚོ་འགྲམ་དུ་ཤ་ཤེད་རྒྱས་པའི་ནོར་ལུག་ཁྱུ་དང་ཁྱུ་བྱས་ནས་སོས་དལ་བག་ཕེབས་སུ་རྒྱུ་ཞིང་། རྒྱང་རིང་གི་ཡུལ་ཚོའི་ནང་ནས་ཟས་སྐོམ་གཡོས་སྦྱོར་གྱི་དུ་བ་ལང་ལོང་དུ་འཕྱུར་བཞིན་པ་མཐོང་ཐུབ། སྦྲ་གུར་ནི་སྡོད་ཁང་ནས་སྤྲོ་གསེང་གཏོང་སར་གྱུར་པ་འདི་གུར་གྱི་ཕན་ནུས་འགྱུར་བ་ཙམ་མ་ཡིན་པར་འདི་ཐོག་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱིན་པ་དང་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་མཚོན་ཐུབ།
དུས་རབས་འཕེལ་རྒྱས་མགྱོགས་པོ་ཕྱིན་པས། མཚོ་འགྲམ་གྱི་གྲོང་ཚོ་དེར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ལ་ཐོག་གྲོང་ཚོའི“དགུ་བཅུ་ནང་སྐྱེས”ཀྱི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་དབང་ཕྱུག་གིས“ན་ནིང་གྲོང་ཚོར་གཞུང་ལམ་བཟོས་སོང་། དུད་ཚང་ཚང་མའི་སྒོ་ཁ་དང་ཕྱུགས་རར་ཉི་ནུས་ལམ་སྒྲོན་ཡང་བསྒར་སོང་བས། ད་ཆ་དགོང་མོར་ཕྱིར་སྐྱོད་པ་དང་འོ་མ་བཞོ་བ་སོགས་ཅི་བྱས་ཀྱང་སྟབས་བདེ་ཞིང་བདེ་འཇགས་དང་ལྡན”ཞེས་ངོ་སྤྲོད་བྱས། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་ཕྱིན་པ་དེ་མཚོ་མོ་རིའི་རླབས་རིས་དང་འདྲ་བར། ཡིད་དུ་འོང་བའི་རྩྭ་ཐང་ལ་མཛེས་སྡུག་བསྣན།
མི་རྣམས་མཚོ་འགྲམ་དུ་འཆམ་འཆམ་བྱེད་པ་དང་ཡང་ན་གུར་ཕུབ་ནས་དགའ་འཛོམས་བྱེད་ས་འདི་ནི་དེ་སྔོན་ཁལ་མ་དེད་པའི་ཚོང་པ་དང་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་བ་ཚོ་ཞག་སྡོད་བྱེད་སའི་སྒར་ས་ཡིན་པ་དང་། མིག་མདུན་དུ་མངོན་ཡོང་བ་ནི་ལྷིང་འཇགས་དང་ཞི་མཐུན་ལྡན་པའི་དེང་རབས་འབྲོག་ཁུལ་གྱི་ཡུལ་ལྗོངས་ཤིག་ཡིན། ཡུལ་འདིར་དུས་རབས་མི་འདྲ་བའི་གཏམ་རྒྱུད་གཉིས་ཡོད། བོད་བྱང་ཐང་གིས་མཚོ་མོ་རི་ཞེས་པའི“ས་ཆ་ཆུང་ཆུང”འདི་ལ་བརྟེན་ནས་འཛམ་གླིང་གི་སྐྱེ་བོ་ཀུན་ལ་མི་སེམས་འགུལ་བའི“འགྱུར་ལྡོག་ཆེན་པོ”ངོ་སྤྲོད་བྱེད་བཞིན་ཡོད།
ཕྱིར་ལོག་པའི་ལམ་བར་དུ་དོ་ནག་ལའི་ཉག་ཁར་སླེབས་སྐབས་བསིལ་རླུང་ལྷག་པར་འཇམ། སྤྲིན་དཀར་གྱི་ཅོད་པན་བཅིངས་པའི་བསམ་གཏན་གངས་བཟང་གིས་རྒྱང་རིང་གི་ནག་ཆུ་གྲོང་རྡལ་ལ་གཟིགས་པ་དང་འདྲ། མཚོ་མོ་རི་ལ་ཕྱིར་ལྟ་ཞིག་བྱེད་དུས། དེ་ནི་མུ་མཐའ་མེད་པའི་རྩྭ་ཐང་དུ་སྔོ་ཞིང་དྭངས་བའི་མ་ན་ཧོའི་ཕྲ་རྒྱན་བཏབ་པ་དང་གཉིས་སུ་མ་མཆིས། ས་གཞི་འདི་གས་མཚོན་པའི་ལོ་རྒྱུས་ཀྱི་ནང་དོན་དང་འཕེལ་རྒྱས་ཀྱི་འགྱུར་ལྡོག་གཉིས་སེམས་ལ་ཡང་ཡང་འཁོར་བྱུང་།
འབྲེལ་ཡོད་གསར་འགྱུར།