དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་བཏང་ནས་སྤྱི་ཚོགས་ཡོངས་ལ་ཇི་ལྟར་བྱས་ཏེ་ཕན་པ་ཐོབ་པ་བྱེད་དགོས་སམ།
དེ་གོང་ང་དང་གྲོགས་པོ་ཁ་ཤས་ཀྱིས་ཁྱིམ་སྤྱོད་གློག་ཆས་གསར་པ་ཉོས་པ་ཡིན། ཉེ་ཆར་མཐོང་བའི་གྲངས་གཞི་ལས། ད་ལོ་ཚུན་དུ་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་ཚད་དུང་ཕྱུར་1ཟིན་འདུག ཁ་གསབ་མང་བ་དང་འཛད་སྤྱོད་བྱེད་མང་བ་དེ་དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་གཏོང་བའི་སྲིད་ཇུས་ལས་ཕན་པ་ཐོབ་པ་ཡིན་ནམ། བྱེད་ཐབས་དེས་ཕྱོགས་གང་ཐད་ནས་སྤྱི་ཚོགས་ཡོངས་ལ་ཕན་པ་ཐོབ་ཡོད་དམ།
—— མི་དམངས་དྲ་བའི་དྲ་གྲོགས།
མིག་སྔར། ས་གནས་མང་པོ་ཞིག་གིས“ལས་རིགས་རྩལ་ནུས་གསོ་སྦྱོང”དང་། “བུ་བཙའ་བུ་གསོ་འགན་སྲུང” “སྨན་བཅོས་ཞབས་ཞུ་ལེགས་གཏོང”སོགས་ཀྱི་བྱེད་ཐབས་བཏོན་པ་མ་ཟད། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་ཀྱང་བཏོན་ཡོད། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བསམ་འཆར་བཀྲམ་ནས“དམངས་འཚོ་སྔར་བས་འགན་སྲུང་དང་ལེགས་སུ་བཏང་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་དགོས་པ”ནན་བཤད་བྱས་པ་དང་ཆབས་ཅིག“སྤྱི་ཚོགས་འགན་སྲུང་གི་ཁྱབ་རྒྱ་ནུས་ལྡན་ངང་ཆེ་རུ་གཏོང་དགོས་པ”སོགས་ཀྱི་བྱེད་ཐབས་ཁག་10བཏོན་ཡོད།
བྱེད་ཐབས་དེ་དག་འདུ་ཤེས་གཅིག་ལ་དམིགས་པ་སྟེ། དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་གཏོང་རྒྱུ་དེ་རེད།
གླེང་ཚུལ་དེ་ད་ལོ《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་ཐོག་མར་བཀོད་པས་དོ་ཁུར་རྒྱ་ཁྱབ་བྱུང་ཡོད། དོན་དངོས་ཐོག་དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་གཏོང་རྒྱུའི་འདུ་ཤེས་བྱུང་ནས་ཡུན་རིང་སོང་ལ། གཅིག་རྒྱུན་གཅིག་འཛིན་ཞིག་ཀྱང་རེད། སྔོན་མ་ཆུ་རགས་རྒྱག་པ་དང་། གཞུང་ལམ་སྐྲུན་པ། བཟོ་ལས་དར་རྒྱས་གཏོང་བ་བཅས་ཡིན་ནའང་འདྲ། ཡང་ན་ཉེ་བའི་ལོ་ཤས་རིང་མྱུར་བགྲོད་ལྕགས་ལམ་དྲ་བ་སྐྲུན་པ་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་སོགས་རྨང་གཞིའི་སྒྲིག་བཀོད་དང་གཙོ་གནད་ཐོན་ལས་ལ་མ་དངུལ་གཏོང་བའི་བྱེད་ཐབས་དེ་དག་ཚང་མ་ནི་དཔལ་འབྱོར་འཕེལ་རྒྱས་བཏང་ནས་དམངས་འཚོ་ལེགས་གཏོང་ལ་སྣེ་ཁྲིད་བྱ་རྒྱུ་དེ་ཡིན་པ་དང་ངོ་བོའི་ཐོག་ནས་བརྗོད་ན་དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་གཏོང་བའི་ཁོངས་སུ་གཏོགས་ཀྱི་ཡོད། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་པ་སོགས་དམངས་འཚོའི་ཁྱབ་ཁོངས་ལ་ཐད་ཀར་མ་དངུལ་གཏོང་བའི་བྱེད་ཐབས་ཀྱང་རྒྱུན་སྲིང་ལག་བསྟར་གྱི་བྱེད་ཐབས་ཤིག་ཀྱང་རེད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ནོར་སྲིད་གཏོང་སྒོ་70%ཡན་དམངས་འཚོར་བཏང་ཡོད།
ལག་ལེན་གྱི་ཞིབ་བཤེར་ཇི་ཙམ་བྱས་ན། སྲིད་ཇུས་ཀྱི་སྣ་མང་དང་ཡུན་རིང་གི་རིན་ཐང་དེ་ཙམ་གྱིས་གསལ་པོར་མཐོང་ཐུབ།
དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་བཏང་ནས་དམངས་འཚོ་ལེགས་གཏོང་དང་ཁེར་རྐྱང་ལ་མཐུན་རྐྱེན་སྦྱོར་བར་རམ་འདེགས་བྱས་པ།
ལས་ཞུགས་དང་། སློབ་གསོ། སྨན་བཅོས། སྡོད་ཁང་། རྒན་གསོ། བུ་བཅོལ་སོགས་ཀྱི་གནད་དོན་དེ་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད། ཇི་ལྟར་བྱས་ནས་སེམས་ཁྲལ་སེལ་བ་དང་། ཚང་མས་ཁོམ་པ་དང་དངུལ་སྤྱད་དེ་རང་ངོས་འཕེལ་རྒྱས་གཏོང་བ་དང་། འཛད་སྤྱོད་བྱེད་པ། འཚོ་བ་ལོངས་སྤྱོད་ཐུབ་པ་བཅས་བྱེད་དགོས་སམ། དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་གཏོང་རྒྱུ་དེ་ནི་སྤྱོད་གོ་ཆོད་པའི་བྱེད་ཐབས་ཤིག་རེད།
ད་ལོ་ནས་བཟུང་། རྒྱལ་ཡོངས་ཀྱིས་ལོ་གསུམ་བསྟུད་མར་ལོ་ལྟར་ལས་རིགས་རྩལ་ནུས་གསོ་སྦྱོང་མི་ཐེངས་ཁྲི་སྟོང་ཡན་ལ་ཁ་གསབ་བྱ་རྒྱུ་ཡིན་པ་དང་ད་ལོ་ཀྲུང་དབྱང་གིས་ས་གནས་ཀྱི་སློབ་མར་བཀོད་སྒྲིག་བྱས་པའི་རོགས་དངུལ་དང་ཁ་གསབ་དངུལ་སྒོར་དུང་ཕྱུར་800ལས་བརྒལ་རྒྱུ་ཡིན་ཞིང་། ས་གནས་ཁག་གིས་སྡོད་ཁང་རྙིང་པ་སྒྱུར་བཀོད་དང་གྲོང་ཁྱེར་གསར་སྒྱུར་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་སྐྱེད་དང་གཤམ་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་བ། བུ་གསོའི་ཁ་གསབ་སྲིད་ཇུས་བཏོན་པ་བཅས་བྱས་ཡོད། དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་གཏོང་བའི་བྱེད་ཐབས་རབ་དང་རིམ་པས་མི་སྒེར་དུང་ཕྱུར་ཁྲི་ཡི་ལས་རིགས་རྩལ་ནུས་དང་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པར་མཐུན་རྐྱེན་སྦྱར་ནས་མི་རྣམས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་བཏང་ཡོད་ལ། རིམ་པ་དེ་བས་མཐོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཡང་བསྐངས་ཡོད།
དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་བཏང་ནས་འཛད་སྤྱོད་ལ་སྐུལ་སྤེལ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རམ་འདེགས་བྱས་པ།
གྲོང་མིའི་ཡོང་འབབ་འཕར་སྣོན་དང་ཁུར་པོ་ཡང་དུ་གཏོང་བར་སྐུལ་འདེད་བཏང་ཚེ། འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་བྱེད་ཐུབ། མི་མངོན་པའི་ནུས་པ་དེ་ཕན་འབྲས་དངོས་སུ་བསྒྱུར་བ་དང་དཔལ་འབྱོར་ལ་དངོས་འབྲེལ་སྣེ་ཁྲིད་བྱེད་དགོས་ན། དམངས་འཚོའི་ཁྱབ་ཁོངས་ལ་བཏང་བའི་མ་དངུལ་གྱི་ཐད་ཀའི་ནུས་པ་དེ་འཛད་སྤྱོད་ཀྱི་ལྷུ་ཚིགས་ནས་ཐོན་པར་བྱེད་དགོས།
ཁ་གསབ་ལ་བརྟེན་ནས་ཁྲོམ་ར་དར་རྒྱས་བཏང་བ། ད་ལོ་མ་དངུལ་སྒོར་དུང་ཕྱུར་3000བཀོད་སྒྲིག་བྱས་ནས་འཛད་ཟོག་རྙིང་པ་གསར་པར་བརྗེས་པ་དང“རྒྱལ་ཁབ་ཀྱི་ཁ་གསབ”སྤྱད་དེ་དྲ་ཐོག་དང་དྲ་ཕྱི་ནས་འཛད་སྤྱོད་བྱེད་པའི་ཚ་རླབས་འཕྱུར་ཡོད། ན་ནིང་ནས་ད་ལོའི་ལོ་སྟོད་བར། རྙིང་པ་གསར་བརྗེས་ཀྱིས་བྲིན་ཚོང་དངུལ་འབོར་སྒོར་དུང་ཕྱུར་ཁྲི་2.9ལ་སྣེ་ཁྲིད་ཐུབ་ཡོད་ལ། མི་ཐེངས་དུང་ཕྱུར་4ཙམ་གྱིས་ཁ་གསབ་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་ཐུབ་ཡོད།
མཁོ་སྤྲོད་ལ་བརྟེན་ནས་དགོས་མཁོ་བསྐངས་པ། སྡེ་ཚན་མང་པོ་ཞིག་གིས་2025ལོའི་ནུས་རྒྱུ་གསར་པའི་རླངས་འཁོར་གྲོང་གསེབ་ཏུ་འཚོང་བའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་རླངས་འཁོར་གྱི་རིགས་མང་དུ་གཏོང་བ་དང་། ཞབས་ཞུ་གཤམ་སྤེལ། སྲིད་ཇུས་མཐུན་སྦྱོར་བཅས་བྱས་ཏེ་གྲོང་གསེབ་ས་ཁུལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་འཛད་སྤྱོད་ཀྱི་མི་མངོན་པའི་ཁྲོམ་ར་སྔོག་འདོན་གཏིང་ཟབ་བྱས་ཏེ་འཛད་སྤྱོད་པ་དེ་བས་མང་བས་རླངས་འཁོར་ཉོ་བའི་དགོས་མཁོ་བསྐངས་ཡོད།
གོ་སྐབས་གསར་གཏོད་བྱས་པ། ས་གནས་ཁག་གིས་མ་དངུལ་དང་ཐོན་ཁུངས་ཕུད་འགྲེམ་དཔལ་འབྱོར་དང་། གངས་འཁྱགས་དཔལ་འབྱོར། དབུ་དཀར་དཔལ་འབྱོར། འགྲན་བསྡུར་དཔལ་འབྱོར་སོགས་ཁྱབ་ཁོངས་སུ་བཏང་ནས་འཛད་སྤྱོད་ཁྲོམ་ར་དར་རྒྱས་ཡོང་བ་དང་ས་ཁུལ་འཕེལ་རྒྱས་ཡོང་བར་རམ་འདེགས་བྱས་ཡོད།
དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་བཏང་ནས་ཤེས་ལྡན་པ་གསོ་སྐྱོང་དང་འབྱུང་འགྱུར་བཀོད་སྒྲིག་ལ་རམ་འདེགས་བྱས་པ།
མི་ནི་གྲོང་མི་དང་འཛད་སྤྱོད་པ་ཞིག་ཡིན་ལ། མི་ཤུགས་དང་ཤེས་ལྡན་པའི་ཚབ་མཚོན་ཞིག་ཀྱང་ཡིན། མ་དངུལ་དང་ཐོན་ཁུངས་གཏོང་བ་དང་། ཤེས་ལྡན་པ་གསོ་སྐྱོང་ཡག་པོ་བྱེད་པ། མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ་བཅས་ཀྱིས་མི་སྒེར་ཡར་རྒྱས་ཡོང་བར་ཕན་ཐོགས་ཡོད་པ་མ་ཟད། རྒྱལ་ཁབ་དང་སྤྱི་ཚོགས་ཀྱིས་མི་ཤུགས་ཐོན་ཁུངས་གསོག་འཇོག་དང་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཡང་ཕན་ཐོགས་ཡོད་པས་གོམ་ཞེང་ཆེན་པོས་འབྱུང་འགྱུར་ཕྱོགས་སུ་བསྐྱོད་ཡོད།
པེ་ཅིང་དབྱི་ཁྲེང་ཚན་རྩལ་གསར་གཏོད་ལས་ཤག་ཏུ་ཁང་པ་གསར་པ་500མང་དུ་བཏང་ནས་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མའི་དངོས་སྦྱོང་དང་ལས་ཀ་འཚོལ་བར་རྒྱབ་སྐྱོར་བྱས་པ་དང་། ཧྲང་ཧའེ་རུ“དཔེ་མྱུར་བར་མཐོངས”སྡེ་ཁུལ་གྱིས་གཞོན་ནུ་ལས་གཏོད་ཀྱི་ཁོར་ཡུག་ཡག་ཤོས་ཧུར་ཐག་བཏོད་དེ་མི་ཐབས་རིག་ནུས་ཤེས་ལྡན་པ་བསྡུ་བ་དང་གསོ་སྐྱོང་བྱས་པ། ཀོང་ཏུང་ཧྲེན་ཀྲེན་དུ་མ་དངུལ་དང་ཐོན་ཁུངས་གཏོང་ཚད་མུ་མཐུད་མང་དུ་བཏང་སྟེ་ཚེ་གང་གི་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཡོད། དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་གཏོང་བའི་བྱེད་ཐབས་དེ་དག་ལས“ཤེས་ལྡན་པ་ནི་འབྱུང་འགྱུར་ཡིན་པའི”སྤྱི་ཚོགས་ཧྲིལ་པོའི་ཚད་མཐོའི་ཐུན་མོང་ངོས་འཛིན་མངོན་ཡོད།
དམངས་འཚོར་ཕན་འདོགས་པ་དང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། གཏིང་ཤུགས་འཕེལ་བ་བྱེད་པ་བཅས་ཀྱི་དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་གཏོང་བའི་རྩེ་རིམ་ཇུས་འགོད་ཀྱིས་འཚོ་བ་ལེགས་སུ་གཏོང་བ་དང་། མི་སྒེར་འཚར་ལོངས། རྒྱལ་སྟོབས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་མཐུན་སྦྱོར་ཤུགས་འདོན་བྱས་པས་ཚང་མར་ཕན་པ་དང་གོ་སྐབས་ཐོབ་ཡོད། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྲིད་ཇུས་དང་བྱེད་ཐབས་སྔར་བས་འཐུས་སྒོ་ཚང་དུ་འགྲོ་བ་དང་བསྟུན་ནས། དམངས་འཚོའི་ཁྱབ་ཁོངས་ལ་མ་དངུལ་གཏོང་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་ཁྱབ་རྒྱ་ཆེ་རུ་འགྲོ་རྒྱུ་མ་ཟད། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་མུ་མཐུད་སྐུལ་མ་ཐེབས་ཏེ། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ཀྱིས་དེ་བས་མང་བ་དང་དེ་བས་གཞུང་དྲང་གི་སྒོ་ནས་མི་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།