སྨན་བཅོས་བོད་སྐྱོར་གྱིས་བོད་ལྗོངས་ལྷོ་རོང་རྫོང་གི་མང་ཚོགས་ལ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་དེ་བས་མང་བ་ལོངས་སུ་སྤྱོད་པར་རོགས་རམ་བྱས་པ།
གཤགས་བཅོས་ཆེན་པོ་རྫོང་དུ་བྱེད་པ་དང་རྩད་ཆོད་དཀའ་བའི་ནད་གཞི་རྒྱང་རིང་ནས་ལྟ་བ།
“སྲོག་བསྐྱབས་ཐུབ་སོང”ཟླ་7ཚེས་14ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5པ་ཙམ་ལ་བོད་ལྗོངས་ཆབ་མདོ་ལྷོ་རོང་རྫོང་དུ་འབྱོར་ནས་ཆུ་ཚོད་24ཡང་མ་སོང་བའི་ཧྥུའུ་ཅན་ཆོན་ཀྲོའུ་ཡི་བོད་སྐྱོར་སྨན་པ་ཀྲང་ཚུང་ལིན་གྱིས་ས་མཐོ་འཕྲོད་ལོངས་མ་བྱུང་བར་མྱུར་སྐྱོབ་སྨན་བཅོས་ཐེངས་ཤིག་བྱས་པ་སྟེ། ས་གནས་དེ་གའི་ནད་པ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ནས་དྲན་པ་ཐོར་ཡོད། ཛ་དྲག་གི་མྱུར་སྐྱོབ་བྱས་པ་བརྒྱུད། ནད་པ་དེ་སྲོག་ཉེན་ལས་ཐར།
དེ་སྔ་རང་བྱུང་ཆ་རྐྱེན་སོགས་ཀྱི་ཚོད་འཛིན་ཕོག་ནས་ལྷོ་རོང་རྫོང་ལ་རྨས་སྐྱོན་ཚབས་ཆེན་ཕོག་པའི་ནད་པ་སྐྱོབ་བཅོས་བྱེད་ཐབས་བྲལ། ནད་གཞི་ཚབས་ཆེ་བའི་ནད་པ་མང་པོ་ཞིག་ལྷོ་རོང་རྫོང་མི་དམངས་སྨན་ཁང་དུ་བསྐྱལ་མ་ཐག་ལམ་སེང་ཆབ་མདོ་དང་ཐ་ན་དེ་ལས་ཐག་རིང་བའི་སི་ཁྲོན་ཁྲེང་ཏུའུ་རུ་སྨན་ཁང་བསྒྱུར་དགོས་ཀྱི་ཡོད།
“ད་ཆ། ནད་ཆུང་རྫོང་ནས་བཅོས་ཐུབ་པ་མ་ཟད། གཤགས་བཅོས་ཆེན་པོའང་རྫོང་དུ་བྱེད་ཐུབ་ཀྱི་ཡོད”ལྷོ་རོང་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཚེ་སྒྲོན་ནི་སྨན་ཁང་ཡོངས་སུ་ལག་རྩལ་ཡག་ཤོས་ཀྱི་སྨན་པ་ཡིན་ལ། ས་གནས་དེ་གའི་སྨན་བཅོས་ཞབས་ཞུའི་ནུས་པར་འགྱུར་ལྡོག་ཧ་ཅང་ཆེན་པོ་ཕྱིན་པའི་བདེན་དཔང་བྱེད་མཁན་ཡང་ཡིན།
རུས་ཚིགས་ན་བ་དང་འགུལ་སྐྱོད་བྱེད་མི་ཐུབ་པ་སོགས་ནི་གྲུམ་བུ་ཚིགས་ཆེན་ནད་ཀྱི་ནད་རྟགས་རེད། ལོ་མང་རིང་ཡུལ་ནད་དེ་རིགས་ཀྱིས་ལྷོ་རོང་རྫོང་གི་མང་ཚོགས་མང་པོ་ཞིག་ལ་དཀའ་ངལ་བཟོས་ཡོད།
“རྐང་ལག་སྦྲིད་པ་མ་ཟད། ད་དུང་ན་ཟུག་ཆེན་པོ་བཏང་ནས་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད”ནད་གཞི་དེ་ཕོག་ནས་ལོ་10ཙམ་ཕྱིན་པའི་བཀྲ་དགའ་ཡིས་ཟླ་7ཚེས་1ཉིན་ས་གནས་དེ་གར་གཤགས་བཅོས་དང་ལེན་བྱས། ཁོ་པར་གཤགས་བཅོས་བྱེད་མཁན་ནི་བོད་སྐྱོར་སྨན་པ་ཀྲན་ཀྲེ་ཆང་དང་ཁོང་གིས་ཁྲིད་པའི“ས་གནས་དེ་གའི་དགེ་ཕྲུག”རྡོ་རྗེ་ཚེ་རིང་རེད།
“ཏང་གི་སྲིད་ཇུས་བཟང་པོ་ལས་ངའི་སྨན་རིན་ནི་སྨན་བཅོས་འགན་བཅོལ་དང་ཆེད་དོན་མ་དངུལ་ནས་བཏང་བས་རང་ཉིད་ཀྱིས་དངུལ་ཕིང་གཅིག་ཀྱང་གཏོང་དགོས་མ་བྱུང”ཞེས་བཀྲ་དགའ་ཡིས་བཤད། སྤྱིར་བཏང་བྱས་ན་ནད་པ་གཤགས་བཅོས་བྱས་ནས་ཉིན་14སོང་རྗེས་གཉན་ཁ་བརྒྱབ་མེད་ཚེ་སྨན་ཁང་ནས་དོན་ཆོག་པ་དང་ཉིན་ལྟར་ཤང་དང་གྲོང་རྡལ་སྨན་ཁང་དུ་རྨ་རས་བརྗེ་བར་སྐྱོད་པ་དང་དུས་བཀག་ལྟར་རྨ་ཁ་སོས་མིན་ལ་ལྟས་ན་འགྲིག
བཀྲ་དགའ་དང་འདྲ་བའི་ནད་པ་མང་པོ་ཞིག་གིས“ས་གནས་དེ་གར་སྨན་བཅོས་བྱ་རྒྱུའི”གདམ་ག་བྱེད་ཀྱི་ཡོད། ལྷོ་རོང་རྫོང་མི་དམངས་སྨན་ཁང་དུ་ལོ་གསུམ་ལྷག་ཙམ་རིང་གྲུམ་བུ་ཚིགས་ཆེན་གྱི་ནད་པ་725ལ་གཤགས་བཅོས་ལེགས་གྲུབ་བྱུང་བ་ལས་ནད་པས་ས་གནས་དེ་གའི་སྨན་བཅོས་ཆུ་ཚད་ལ་ཡིད་ཆེས་དེ་བས་ཆེ་རུ་ཕྱིན་ཡོད་པ་རེད། ད་ལོ། ལྷོ་རོང་རྫོང་མི་དམངས་སྨན་ཁང་གིས་གྲུམ་བུ་ཚིགས་ཆེན་གྱི་ནད་སྐྱོབ་བཅོས་ལྟེ་གནས་དངོས་སུ་བཙུགས་ཏེ་བརྟག་དཔྱད་ནས་གཤགས་བཅོས་དང་དེ་ནས་བདེ་ཐང་སླར་གསོའི་བར་ནད་པ་རྫོང་ནས་ཕྱིར་སྐྱོད་མི་དགོས་པར་བརྒྱུད་རིམ་ཧྲིལ་པོ་སྨན་བཅོས་ཐུབ་ཀྱི་ཡོད།
ད་ལོའི་ཟླ་7པར། ཧྥུའུ་ཅན་ཞིང་ཆེན་གྱི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལས་འགན་ལེགས་གྲུབ་ཟིན་རྗེས་ལྷོ་རོང་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་ཀའོ་དབྱི་ཕེང་གིས་མུ་མཐུད་དེ་གར་སྡོད་རྒྱུའི་གདམ་ག་བྱས། ཁོང་གིས“སྨན་བཅོས་དཔུང་ཁག་གི་ཤེས་ལྡན་པ་གསོ་སྐྱོང་བྱེད་མཁན་ཡིན་ནའང་འདྲ། ཡང་ན་ལག་རྩལ་ཁག་ལ་ཕན་འབྲས་ཐོན་པ་གང་ཞིག་བྱེད་དགོས་རུང་ང་རང་འདི་གར་སྡོད་ཀྱི་ཡིན”ཞེས་བཤད།
ས་གནས་དེ་གའི་སྨན་པའི་གདེང་ཚོད་སྔར་བས་ཆེ་བ་དང་ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག་དངོས་འབྲེལ་ཞིག་ཇི་ལྟར་བྱས་ནས་བསྐྲུན་དགོས་སམ། ད་ལོའི་ཟླ་6པའི་ཟླ་མཇུག་ཏུ། ཀྲན་ཀྲེ་ཆང་གིས་རང་འགུལ་ངང་གཤགས་བཅོས་གཙོ་བོ་བྱེད་པའི་གོ་སྐབས་རྡོ་རྗེ་ཚེ་རིང་ལ་སྤྲད་པ་མ་ཟད། རང་ཉིད་ཀྱིས་ལས་རོགས་བྱས། དེ་ནི་ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་པའི“མཐར་ཐུག་གི་ཚོད་ལྟ”ཞིག་ཡིན་པ་མ་ཟད། ཁོང་ཚོའི་གདེང་ཚོད་དེ་བས་ཆེ་རུ་གཏོང་ཆེད་རེད། “ཐོག་མར་གཤགས་བཅོས་གཙོ་བོ་བྱེད་སྐབས་ཆུ་ཚོད་གཉིས་ལྷག་ཙམ་གྱི་གཤགས་བཅོས་རིང་སྐར་མ་རེ་རེ་དང་སྐར་ཆ་རེ་རེ་ལའང་སེམས་ཁྲལ་ཆེན་པོ་བྱེད་དགོས་ཀྱི་འདུག ལག་ལེན་རྒྱུན་ཆད་མེད་པར་བྱས་པ་བརྒྱུད་ངས་བྱང་ཆུབ་པོས་གཤགས་བཅོས་བྱེད་ཐུབ་ཀྱི་འདུག”ཅེས་རྡོ་རྗེ་ཚེ་རིང་གིས་བཤད།
2024ལོའི་ཟླ་12པར། ལྷོ་རོང་རྫོང་མི་དམངས་སྨན་ཁང་གིས་དོ་དམ་ཞིབ་ཚགས་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་ནས་གཙང་ཞིང་གོ་རིམ་ལྡན་པ་དང་ཕན་ནུས་ཆེ་ཞིང་བདེ་འཇགས་ལྡན་པའི་སྨན་བཅོས་ལས་ཀའི་ཁོར་ཡུག་བསྐྲུན་ནས། སྨན་ཁང་གི་དོ་དམ་ཆུ་ཚད་དང་ཞབས་ཞུའི་སྤུས་ཚད་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ་ནད་པར་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་མཁོ་འདོན་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོའི་ཟླ་12པར་ལྷོ་རོང་རྫོང་མི་དམངས་སྨན་ཁང་གི་སྨན་ཁང་གསར་པ་སྤྱོད་འགོ་ཚུགས་ཚུན། གསུས་ཤེལ་དང་། སྦྲིད་སྨན་འཕྲུལ་འཁོར་སོགས་སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་ནང་འདྲེན་བྱས་པས། རྩད་ཆོད་དཀའ་བའི་ནད་གཞི་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ནུས་པ་རིམ་བཞིན་ལྡན་ཡོད། རུས་ནད་ཚན་ཁག་གི་བདེ་ཐང་སླར་གསོའི་ཚན་ཁག་གི་གཞི་གཅིག་ཅན་ལྟེ་གནས་སོགས་ལག་རྩལ་གྱི་ལེགས་ཆ་དང་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པའི་ཚན་ཁག་ལ་ས་གནས་དེ་གའི་མང་ཚོགས་ཀྱིས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། ལྷོ་རོང་རྫོང་མི་དམངས་སྨན་ཁང་དུ་བོད་སྐྱོར་སྨན་པ་12ཀྱིས་སྨན་བཅོས་བྱེད་པ་མ་ཟད། ཀྲུང་ཧྲན་སློབ་ཆེན་སུན་དབྱི་ཤན་དྲན་གསོའི་སྨན་ཁང་དང་། ཆོན་ཀྲོའུ་གྲོང་ཁྱེར་སྨན་ཁང་དང་པོ། ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྨན་ཁང་དྲུག་པ་སོགས་དང་རྒྱང་བསྟེན་སྨན་བཅོས་ལྷན་འཛོམས་ནད་དཔྱད་ལམ་སྲོལ་བཙུགས་ནས་རྩད་ཆོད་དཀའ་བ་དང་ནད་གཞི་ལྕི་པོ་ཕོག་མཁན་ལྷོ་རོང་ནས་བྲལ་མི་དགོས་པར་ཆེད་ལས་སྨན་བཅོས་ཞབས་ཞུ་དེ་བས་མང་བ་ལོངས་སྤྱོད་ཐུབ་པའི་རོགས་རམ་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།