སློབ་ཡོན་མི་དགོས་པའི་སློབ་ཞུགས་གོང་གི་སློབ་གསོ་རིམ་བཞིན་ཁྱབ་གདལ་གྱིས་བུ་ཕྲུག་གསོ་སྐྱོང་གི་མ་གནས་ཆུང་དུ་གཏོང་བ།
ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་སློབ་ཡོན་མི་དགོས་པའི་སློབ་ཞུགས་གོང་གི་སློབ་གསོ་རིམ་བཞིན་ཁྱབ་གདལ་གཏོང་བའི་འབྲེལ་ཡོད་བྱེད་ཐབས་བཀོད་སྒྲིག་བྱས་ཤིང་། སློབ་ཡོན་མི་དགོས་པའི་སློབ་ཞུགས་གོང་གི་སློབ་གསོ་རིམ་བཞིན་ཁྱབ་གདལ་གཏོང་རྒྱུ་ནི་དུད་ཁྱིམ་ཁྲི་སྟོང་དང་འབྲེལ་བ་ཡོད་ལ་ཕུགས་ཀྱི་འཕེལ་རྒྱས་དང་ཡང་འབྲེལ་བའི་དམངས་ཕན་གྱི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། སློབ་ཡོན་མི་དགོས་པའི་སློབ་ཞུགས་གོང་གི་སློབ་གསོ་ལག་བསྟར་བྱས་ན་དགེ་མཚན་ལྡན་པའི་ཤུགས་རྐྱེན་གང་དག་འབྱུང་སྲིད། དེའི་ཐད། གསར་འགོད་པས་བཅར་འདྲི་བྱས་པ་རེད།
རང་རྒྱལ་གྱི་སློབ་ཞུགས་གོང་གི་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་གྱི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་པ་སྟེ།2024ལོར་སློབ་ཞུགས་གོང་གི་སློབ་གསོའི་བུ་བཅོལ་ཁང་ལ་ཞུགས་ཚད་92.00%དང་ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་དུ་འགྲོ་མུས་ཀྱི་བྱིས་པའི་བསྡུར་ཚད་91.61%ཟིན་ཡོད།
“སློབ་ཡོན་མི་དགོས་པའི་སློབ་ཞུགས་གོང་གི་སློབ་གསོ་རིམ་བཞིན་ཁྱབ་གདལ་གཏོང་བ་ནི་སློབ་ཞུགས་གོང་གི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཡིན་ལ། དམངས་འཚོར་དོ་ཁུར་བྱེད་པའི་ཐད་ཀྱི་དགེ་མཚན་ལྡན་པའི་བརྡ་ལན་ཡང་ཡིན། བྱེད་ཐབས་འདི་ལས་ཁྱིམ་ཚང་གི་དཔལ་འབྱོར་ཁུར་པོ་དང་བུ་ཕྲུག་གསོ་བའི་གནོན་ཤུགས་ཆུང་དུ་ཏན་ཏིག་གཏོང་ཐུབ་པ་མ་ཟད། ད་དུང་སློབ་ཞུགས་གོང་གི་སློབ་གསོའི་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་ཀྱང་ཆེ་རུ་གཏོང་ཐུབ”ཅེས་ཀྲུང་གོ་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་རྨང་གཞིའི་སློབ་གསོ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཀའོ་པིན་ཁྲེང་གིས་བཤད།
“སློབ་ཡོན་མི་དགོས་པའི་སློབ་ཞུགས་གོང་གི་སློབ་གསོ་ལག་བསྟར་བྱས་ཏེ་ཁྱིམ་ཚང་གི་བུ་ཕྲུག་གསོ་སྐྱོང་གི་མ་གནས་ཐད་ཀར་ཆུང་དུ་བཏང་བ་དང་། མ་འོངས་པའི་བུ་ཕྲུག་སྐྱེ་གསོའི་མ་གནས་ཆུང་དུ་གཏོང་བའི་ཐད་ཀྱི་ཁྱིམ་ཚང་གི་སྔོན་དཔག་ལེགས་སུ་ཕྱིན་པ་མ་ཟད། བུ་བཙའི་སེམས་ཁྲལ་བསལ་ནས་བུ་བཙའི་སྤྱི་ཚོགས་ཁོར་ཡུག་སྔར་བས་བཟང་པོ་ཞིག་བསྐྲུན་པར་ཡང་ཕན་ཐོགས་ཡོད” སློབ་ཡོན་མི་དགོས་པའི་སློབ་ཞུགས་གོང་གི་སློབ་གསོ་རིམ་བཞིན་ཁྱབ་གདལ་གཏོང་བ་དེ་སྤྱི་ཚོགས་ཀྱི་ཕན་འབྲས་དང་དམངས་འཚོའི་དྲོ་སྐྱིད་གཉིས་ལྡན་གྱི་བྱེད་ཐབས་ཤིག་ཡིན་པའི་ངོས་ནས། རྒྱལ་ཁབ་ཀྱི་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་དང་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ཀྱི་ཕྱོགས་སྟོན་མཚོན་པ་མ་ཟད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་མི་ཤུགས་མ་རྩའི་སྒུལ་ཤུགས་ཀྱང་རྒྱུན་མཐུད་བསྣན་ཡོད་ཅེས་པེ་ཅིང་དགེ་འོས་སློབ་ཆེན་རིག་གནས་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ལེང་ཝུན་ཡན་གྱིས་ངོས་འཛིན་བྱས་ཡོད།
ད་ལོའི་ཟླ་དང་པོར་ཡོངས་བསྒྲགས་བྱས་པའི《སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད(2024ལོ་ནས་2035ལོའི་བར)》ནང“སློབ་ཡོན་མི་དགོས་པའི་སློབ་གསོའི་ཁྱབ་ཁོངས་རིམ་བཞིན་རྒྱ་ཆེར་གཏོང་བའི་འཚོལ་ཞིབ་བྱེད་དགོས་པ”ཁ་གསལ་བཟོས་པ་དང་། ད་ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང“སློབ་ཡོན་མི་དགོས་པའི་སློབ་ཞུགས་གོང་གི་སློབ་གསོ་རིམ་བཞིན་ཁྱབ་གདལ་གཏོང་དགོས་ལུགས”བཏོན་ཡོད་པ་རེད།
ཀྲུང་གོ་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་སློབ་གསོ་ནོར་སྲིད་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཝང་ཅན་གྱིས། སློབ་ཡོན་མི་དགོས་པའི་སློབ་ཞུགས་གོང་གི་སློབ་གསོ་རིམ་བཞིན་ཁྱབ་གདལ་གཏོང་བར། རྒྱལ་ཁབ་ཀྱི་གནས་ཚུལ་དང་སློབ་གསོའི་གནས་ཚུལ་ལ་གཞི་ཚུགས་ནས་ཕྱི་རྒྱལ་གྱི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་། སྲིད་ཇུས་ཇུས་འགོད་དང་ལག་བསྟར་ལས་དོན་ཡག་པོ་བསྒྲུབས་ཏེ་སྲིད་ཇུས་ཀྱི་ཁེ་སྤོགས་ཉིད་དམངས་འཚོའི་ཕན་པར་དངོས་སུ་འགྱུར་བར་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
རང་རྒྱལ་གྱི་སློབ་ཞུགས་གོང་གི་སློབ་གསོ་ནི་སྔར་བཞིན་རྒྱལ་དམངས་སློབ་གསོའི་མ་ལག་ཁྲོད་ཀྱི་ཉམས་ཞན་ལྷུ་ཚིགས་ཤིག་ཡིན་པས། མ་དངུལ་འགན་ལེན་དང་། དགེ་རྒན་དཔུང་ཁག་འཛུགས་སྐྱོང་། ཚན་རིག་དང་མཐུན་པའི་བྱིས་གསོ་དང་སློབ་གསོ། ཚད་ལྡན་ལྟ་འདོམས་སོགས་ཐད་ཀྱི་སྒྲིག་སྲོལ་ལམ་སྲོལ་ད་དུང་འཐུས་སྒོ་ཚང་པོ་མེད་པས། སློབ་ཞུགས་གོང་གི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོས་ཡོད་པ་རེད།
“སློབ་གསོའི་དྲང་གཞག་ནི་སྤྱི་ཚོགས་དྲང་གཞག་གི་རྨང་གཞི་གལ་ཆེན་ཞིག་ཡིན་ལ། སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བའི་དགོས་ངེས་ཀྱི་དོན་གནད་ཞིག་ཀྱང་ཡིན” སློབ་ཞུགས་གོང་གི་སློབ་གསོ་རིམ་བཞིན་ཁྱབ་གདལ་གཏོང་བར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དོ་སྙོམས་མེད་པ་ལས་བྱུང་བའི་སློབ་གསོ་དང་ལེན་གྱི་གོ་སྐབས་ཀྱི་བར་ཁྱད་ཆུང་དུ་གཏོང་བར་ཕན་ཐོགས་ཡོད་པ་དང་། སློབ་ལོ་ལོན་པའི་བྱིས་པ་དང་ལྷག་པར་དུ་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་བུ་ཕྲུག་དང་། གྲོང་གསེབ་ཁུལ་གྱི་བྱིས་པ། ཕྱོགས་མིའི་བུ་ཕྲུག གཞིས་ལུས་བྱིས་པ་སོགས་ལ་འདྲ་མཉམ་ངང་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་ཐུབ་ཅིང་། བྱིས་པ་ཚོར་མི་ཚེའི་འགོ་འཛུགས་དུས་མཚམས་ཀྱི་སློབ་གསོ་ལོངས་སུ་སྤྱོད་ཐུབ་པར་བྱས་ནས་མ་འོངས་པའི་སློབ་སྦྱོང་དང་མི་ཚེ་ནང་གི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་ཐུབ་ཅེས་ཀའོ་པིན་ཁྲེང་གིས་ངོས་འཛིན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།