“འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་ཀྲུང་གོས་ཕུལ་བའི་ལེགས་སྐྱེས་བརྗེད་མི་རུང”
ཕོ་ལན་ཀེ་ཏན་སི་ཁེ་འཛམ་གླིང་དམག་ཆེན་གཉིས་པའི་རྟེན་མཛོད་ཁང་གི་ཀོན་ཀྲང་ལཱ་ཧྥ་ཝུའུ·ཝུའུ་ནུའུ་ཁེ་ལ་བཅར་འདྲི་ཞུས་པ།
འདི་ནི་ཕོ་ལན་འཛམ་གླིང་དམག་ཆེན་གཉིས་པའི་རྟེན་མཛོད་ཁང་གི་ཀོན་ཀྲང་ཡིན་པ།
འདི་ནི་ཕོ་ལན་འཛམ་གླིང་དམག་ཆེན་གཉིས་པའི་རྟེན་མཛོད་ཁང་གི་ཕྱིའི་རྣམ་པ་ཡིན་པ།
ཀེ་ཏན་སི་ཁེ་ནི་ཕོ་ལན་བྱང་རྒྱུད་ཀྱི་གྲུ་ཁའི་གྲོང་ཁྱེར་ཆེ་ཤོས་རེད། 1939ལོའི་ཟླ་9ཚེས་1ཉིན། འཇར་མན་དམག་དཔུང་གིས་ཀེ་ཏན་སི་ཁེའི་ཝེ་སི་ཐེ་ཕུའུ་ལཱ་ཐེ་ཕྱེད་གླིང་གི་ཕོ་ལན་དམག་དཔུང་ལ་འཇབ་རྒོལ་བྱས་པས་འཛམ་གླིང་དམག་ཆེན་གཉིས་པའི་དམག་འཁྲུག་གི་མེ་ལྕེ་ཡོ་རོབ་ཏུ་འབར་བ་རེད། ད་ཆ་ཕྱེད་གླིང་དུ་གནས་པའི་ཀེ་ཏན་སི་ཁེ་འཛམ་གླིང་དམག་ཆེན་གཉིས་པའི་རྟེན་མཛོད་ཁང་གིས་གདུག་རྩུབ་ཆེ་བའི་དམག་འཁྲུག་གི་ལོ་རྒྱུས་བརྗོད་པ་དང་འཛམ་གླིང་གི་སྐྱེ་བོ་རྣམས་ལ་འཛམ་གླིང་དམག་ཆེན་གཉིས་པའི་བསླབ་བྱ་ཟབ་མོ་བློ་ལ་བརྟན་པོར་ངེས་དགོས་པའི་ཉེན་བརྡ་གཏོང་བཞིན་ཡོད།
རྟེན་མཛོད་ཁང་དུ་འཛུལ་སྐབས། ས་འོག་ཏུ་གནས་པའི་འགྲེམས་ཁུལ་གཙོ་བོར་རྒྱ་ཁྱོན་སྨི་ངོས་གྲུ་5000ལྷག་ཙམ་ཡོད་ཅིང་། “དམག་འཁྲུག་གི་ལམ་བུ”དང་། “དམག་འཁྲུག་གི་འཇིགས་སྣང” “དམག་འཁྲུག་གི་ཤུགས་རྐྱེན”བཅས་གནས་ཚུལ་ཞིབ་བརྗོད་འགྲེམས་ཁུལ་གསུམ་ལ་ཕྱེ་ནས་རིམ་གྱིས་སྤེལ་བ་དང་བརྗོད་དོན་གཙོ་བོ་ཁག་18ལ་དབྱེ་ཡོད། རྩ་ཆེའི་འགྲེམས་དངོས་3000ཙམ་བརྒྱུད། ཕོ་ལན་ཚུད་པའི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་མནའ་མཐུན་རྒྱལ་ཁབ་ཀྱི་དམག་འཁྲུག་གི་ལོ་རྒྱུས་མངོན་ཡོད། དེའང་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་དམག་འཁྲུག་བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་སྟོན་གྱི་གྲས་ཤིག་ཡིན་པ་རེད།
“འཛམ་གླིང་དམག་ཆེན་གཉིས་པ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་ཆེས་འཇིགས་སུ་རུང་བའི་དམག་འཁྲུག་ཅིག་ཡིན། ཕྱེད་གླིང་དུ‘ནམ་ཡང་དམག་འཁྲུག་ཡོང་མི་སྲིད”ཅེས་འཁོད་པའི་དྲན་གསོའི་རྡོ་རིང་འགྱིང་ངེར་བཙུགས་ཡོད། ཕ་མ་ཚང་མས་རང་ཉིད་ཀྱི་ཕྲུ་གུ་ཞི་བདེའི་དུས་རབས་སུ་འཚོ་གནས་བྱེད་པ་དང་འཇིགས་སྐུལ་གྱི་དམག་འཁྲུག་དང་རིང་དུ་བྲལ་བའི་རེ་བ་བྱེད་ཀྱི་ཡོད”ཕོ་ལན་གྱི་ལོ་རྒྱུས་མཁས་ཅན་དང་ཀེ་ཏན་སི་ཁེ་འཛམ་གླིང་དམག་ཆེན་གཉིས་པའི་རྟེན་མཛོད་ཁང་གི་ཀོན་ཀྲང་ལཱ་ཧྥ་ཝུའུ·ཝུའུ་ནུའུ་ཁེས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། སྔོན་ཆད་ལ་བསམ་གཞིག་གཏིང་ཟབ་བྱས་ཏེ་མི་རྣམས་ལ་དྲག་ཤུགས་དེ་ཆབ་སྲིད་ཀྱི་ལག་ཆར་བརྩི་བའི་བྱེད་སྟངས་དོར་དགོས་པའི་ཁ་ཏ་བྱེད་རྒྱུ་ནི་རྟེན་མཛོད་ཁང་གི་འོས་འགན་གལ་ཆེན་ཞིག་ཡིན་ཞེས་བརྗོད།
འཕྲིན་ཡིག་དང་། འདྲ་པར། ཡུལ་སྐོར་སྒམ་ལ་སོགས་འགྲེམས་སྟོན་གྱིས་དམག་འཁྲུག་ལས་མི་སྒེར་ལ་ཉམས་ཉེས་བྱུང་ཚུལ་དངོས་དངོས་རྗེན་རྗེན་དུ་མཚོན་པར་བྱས་ཡོད། ཤེལ་སྒྲོམ་ལྡེབས་སུ་རྐྱེན་ལམ་དུ་ཤོར་མཁན་གྲངས་ལས་འདས་པའི་འདྲ་པར་སྦྱར་ཡོད་པ་དང་དམག་འཁྲུག་མ་བྱུང་གོང་གི་འཛུམ་མདངས་རྒྱས་པ་དང་། སྒམ་བརླིང་ལྡན་པ། ཞི་འཇམ་བཅས་ཀྱི་ངོ་གདོང་དེ་དག་དམག་འཁྲུག་གི་མེ་ལྕེ་དང་བསྟུན་ནས་ལོ་རྒྱུས་ཀྱི་མུན་ནག་ཁྲོད་དུ་མེད་པར་གྱུར། དེའི་འགྲམ་དུ་འདྲ་པར་གྱང་གི་ལྡེབས་སུ“ང་ཚོ་དང་འདྲ་བའི་མི་རྣམས”ཞེས་པའི་བརྗོད་དོན་གཙོ་བོ་བྲིས་ནས་དམག་འཁྲུག་གི་གདུག་རྩུབ་ཆེན་པོ་བརྗོད་བཞིན་ཡོད།
འགྲེམས་སྟོན་ནང་ཀྲུང་གོའི་མི་དམངས་ཀྱི་རི་འགོག་དམག་འཁྲུག་གི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཚུད་པའི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་མི་དམངས་ཀྱི་ཐུན་མོང་འཐབ་འཛིང་ནན་བཤད་བྱས་ཡོད། “དམག་འཁྲུག་གི་ལམ་བུའི”འགྲེམས་ཁུལ་དུ། 1931ལོའི་དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་ནས་འགོ་བརྩམས་ཏེ་རི་པིན་དམག་དཔུང་གིས་ཀྲུང་གོར་གདུག་རྩུབ་ཆེ་བའི་བཙན་འཛུལ་དང་དེ་བཞིན་གདུག་རྩུབ་ཆེ་བའི་བྱེད་སྤྱོད་སྤེལ་བ་ངོ་སྤྲོད་བྱས་ཡོད། “དམག་འཁྲུག་གི་འཇིགས་སྣང”འགྲེམས་ཁུལ་གྱིས་རི་པིན་དམག་དཔུང་གིས་ཨེ་ཤེ་ཡའི་རྒྱལ་ཁབ་དང་། ལྷག་པར་དུ་ཀྲུང་གོའི་མི་དམངས་ལ་བཟོས་པའི་གོད་ཆག་དམར་འདོན་བྱས་ཡོད། རྟེན་མཛོད་ཁང་གིས་ད་དུང་ཀྲུང་གོར་བཙན་འཛུལ་རི་པིན་དམག་གི་དཔུང་སྡེ་བདུན་གསུམ་གཅིག་གི་ཉེས་དོན་དཔང་རྟགས་འགྲེམས་ཁང་དུ་ཉར་ཚགས་བྱས་པའི་ཡིག་ཆའི་པར་མ་གཉིས་འགྲེམས་སྟོན་བྱས་ནས་སྐབས་དེ་དུས་རི་པིན་གྱིས་ཀྲུང་གོར་བསགས་པའི་ནག་ཉེས་དམར་འདོན་བྱས་པ་རེད།
ཀེ་ཏན་སི་ཁེ་འཛམ་གླིང་དམག་ཆེན་གཉིས་པའི་རྟེན་མཛོད་ཁང་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་གིས་རིག་པའི་གཞུང་ལུགས་ཞིབ་འཇུག་དང་འགྲེམས་སྟོན་ཐད་མཛའ་མཐུན་སྤེལ་རེས་དང་མཉམ་ལས་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་གཉིས་པོས《ཀྲུང་གོའི་རི་འགོག་དམག་འཁྲུག་གི་རབ་བཏགས་རི་མོའི་འགྲེམས་སྟོན》དང《དཀའ་སྡུག་འཕྲད་སྐབས་བརྩེ་བ་ངོ་མ་མངོན། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཡིའུ་ཐའེ་བ་སྐྱོབ་མཁན་ཕོ་ལན་བ》སོགས་ཆེད་དོན་འགྲེམས་སྟོན་མཉམ་དུ་གཉེར་མྱོང་ཡོད།
ཝུའུ་ནུའུ་ཁེས“ཀྲུང་གོའི་མི་དམངས་ལ་རི་འགོག་དམག་འཁྲུག་གི་རྒྱལ་ཁ་ཐོབ་ནས། མི་རིགས་རང་བཙན་མངོན་འགྱུར་བྱུང་བ་དང་། ཀྲུང་གོའི་འབྱུང་འགྱུར་བཏོད་ཡོད། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྲུང་གོ་འདི་ཉིད་དབུལ་ཞིང་ཕོངས་པ་ནས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པར་འཕེལ་རྒྱས་ཕྱིན་ཡོད། ཀྲུང་གོའི་དཔལ་འབྱོར་འཕར་བ་ལས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་པ་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད”ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།