མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་དྲ་ཐོག་ནས་སིལ་ཚོང་བྱེད་ཚད་ལོ་སྟོད་དུ་སྒོར་དུང་ཕྱུར་7ལས་བརྒལ་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར། 2025ལོའི་ཟླ་1ནས་ཟླ་6བར་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ཐོན་རྫས་དྲ་ཐོག་ནས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་7.08ཟིན་པའི་ནང་། འདྲེ་ཚེར་མ་དང་དབྱར་རྩྭ་དགུན་འབུ་སོགས་ལུས་གསོའི་བཟའ་བཅའ་དང་། སྤུས་ལེགས་དཀར་ཟས། རང་བྱུང་བྲོ་ཟས་བཅས་ཁྱད་ལྡན་རིགས་གསུམ་བྲིན་ཁ་རྒྱུག་པོ་བྱུང་སྟེ་དྲ་ཐོག་ནས་སིལ་ཚོང་བྱེད་འབོར་སྒོར་དུང་ཕྱུར་2.88དང་། སྒོར་དུང་ཕྱུར་1.29 སྒོར་དུང་ཕྱུར་0.95བཅས་སོ་སོར་ཟིན་པ་དང་། བསྡོམས་གྲངས་ཀྱིས་ཞིང་ཆེན་ཡོངས་ཀྱི་བསྡོམས་འབོར་གྱི་72.3%བཟུང་ནས“ས་གཙང་མཚོ་སྔོན། ས་མཐོའི་རྩེར་སོན”སྤུས་རྟགས་ཀྱི་རིན་ཐང་སྤྲིན་རུམ་དུ་རྒྱུན་མཐུད་མངོན་ཡོད།
ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་ཀྱི་ཁྲོམ་རའི་འཁོར་རྒྱུག་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་ཞིང་ལས་ཐོན་རྫས་དྲ་ཐོག་ཏུ་ཚོང་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་སོང་ཡོད། མིག་སྔར། རྫོང་41ཏུ་རྫོང་རིམ་པའི་ཟོག་འགྲུལ་མཛོད་ཉར་ཁག་དབྱེ་སྡེབ་སྐྱེལ་ལྟེ་གནས་ཡོངས་སུ་ཁྱབ་པ་དང་། ཤང་དང་གྲོང་རྡལ་གྱི་བར་བརྒྱུད་ས་ཚུགས་360དང་གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚུགས་2348སྡེབ་སྒྲིལ་བྱས་ནས་བཙུགས་པས་རྫོང་ཁོངས་ཀྱི་མྱུར་སྐྱེལ་མཇུག་སྣེའི་ཐོན་ཁུངས་སྡེབ་སྒྲིལ་བྱེད་ཚད་68%ཟིན་ཡོད། གྲང་ཕྲེང་ཟོག་འགྲུལ་འཛུགས་པར་སྐུལ་འདེད་མགྱོགས་མྱུར་བཏང་ནས་ཟི་ལིང་གི་ཞིང་ཆེན་རིམ་པའི་གྲང་ཕྲེང་ཟོག་འགྲུལ་གླིང་དང་པོ་དངོས་སུ་སྤྱོད་འགོ་ཚུགས་པ་དང་། ཧྲུན་ཧྥུང་དང་སྦྲག་སྲིད་ཀྱིས་ཤར་རྒྱུད་ས་ཁུལ་དུ་སྒུལ་བདེ་རྣམ་པའི་གྲང་བཟོའི་མཛོད་ཉར་ཚོད་ལྟ་བྱས་པས་ཚགས་ཤ་དང་ལུག་ཤའི་ཟད་གྲོན་30%ནས་15%བར་ཆག་པ། གསེར་ཆེན་རྫོང་གིས་མི་མེད་གནམ་གྲུས་འབྲོག་ཁུལ་དུ་ཐུམ་སྒྲིལ་སྡེབ་སྐྱེལ་ཚོད་ལྟ་བྱས་པར་ལས་ཕྱོད་50%ཙམ་ཆེ་རུ་ཕྱིན་པ་བཅས་བྱུང་ནས་གྲོང་གསེབ་ཀྱི་དྲ་ཚོང་ཁོར་ཡུག་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད།
ཕྱོགས་གཞན་ཞིག་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་ཡོངས་ལ་ཁྱབ་པའི་གྲངས་འཛིན་ཚོང་དོན་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་ཐོག་མ་བསྐྲུན་ནས་སྤྱོད་འགོ་ཚུགས་ཏེ། དྲ་ཐོག་ནས་ཕྱིར་ཚོང་བྱེད་པའི་གྲངས་གཞིར་ལྟ་ཞིབ་ཚད་ལེན་གནད་སྨིན་བྱེད་ཀྱི་ཡོད། རྒྱལ་ཁབ་རིམ་པའི་དྲ་ཐོག་ཚོང་དོན་25གྲོང་གསེབ་ཀྱི་ཕྱོགས་བསྡུས་དཔེ་སྟོན་རྫོང་དུ་ཁྱབ་ནས་ཞིང་ཆེན་ཡོངས་ཀྱི་60%ཡི་རྫོང་ཁོངས་ལ་ཁྱབ་ཡོད་པ་དང། “ཅིང་ཏུང་། ཀྲུང་གོའི་ཁྱད་ལྡན་ཐོན་རྫས། མཚོ་སྔོན་ཚོང་ཁང”ཞེས་པ་དྲ་ཐོག་ཏུ་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཡོད། དུར་ལམ་རྫོང་རྒྱལ་ཡོངས་ཀྱི་ཁག་དང་པོའི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་ཁང་གི“སྔོན་སྐྱོད་རྫོང”དུ་ཚུད་པའི་དཔེ་མཚོན་དང་། ཡུལ་ཤུལ་གྲོང་ཁྱེར་དང་གསེར་ཆེན་རྫོང་གི་སྙན་སྒྲོན་པ་གཙོ་བོ་རྒྱལ་ཡོངས་ཀྱི་ཐད་གཏོང་དྲ་ཚོང་ཕུལ་བྱུང་ནང་ཚུད་པའི་དཔེ་མཚོན། ཏ་ཐུང་རྫོང་གི“དྲ་ཐོག་ཐད་གཏོང་རྟེན་གཞི་དང་། མཁོ་སྤྲོད་འཁོར་འབྲེལ། ཕྱིར་ཚོང་ཐབས་ལམ་བཅས་ཟུང་དུ་འབྲེལ་བ”དང་། གསེར་ཆེན་རྫོང་གི“ཞིང་ལས་མཉམ་ལས་ཁང་དང་དྲ་ཚོང་ཟུང་དུ་འབྲེལ་བའི”གསར་གཏོད་རྣམ་པ་ཁྱབ་གདལ་རྒྱ་བསྐྱེད་པ་སོགས་གྲངས་འཛིན་ལག་རྩལ་གྱིས་ཐོན་སྐྱེད་དང་ཕྱིར་ཚོང་གི་འཁོར་འབྲེལ་ཧྲིལ་པོར་མཐུན་རྐྱེན་བསྐྲུན་ཡོད།
འབྲེལ་ཡོད་གསར་འགྱུར།