ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་སྨྱན་སྦྱོར་རིག་མཛོད་དབུ་ཚོགས་འཚོགས་པ།
ཚེས་25ཉིན། “ཧྲང་ཧའེ་ཡི‘སྙིང་སྟོབས་དར་སྤེལ’བཏང་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས”ཞེས་བརྗོད་དོན་གཙོ་བོར་བྱས་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྨྱན་སྦྱོར་རིག་མཛོད་དབུ་ཚོགས་ཀྱིས་ཀྲེན་ཀྲོའུ་རུ་ཚང་འཛོམས་ཚོགས་འདུ་འཚོགས་ཤིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་དང་། ལྟ་ཞིབ་རྒྱལ་ཁབ། གླེང་མོལ་རོགས་ཟླ་བཅས་ནས་ཡོང་བའི་སྨྱན་སྦྱོར་དང་། རིག་མཛོད། སྲིད་གཞུང་གི་སྒྲིག་གཞི་བཅས་200ཙམ་དང་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཀྱི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན400ཙམ་ཞུགས་ཡོད་པ་རེད།
ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཀྲུའུ་རེན་མོ་ཀའོ་དབྱི་ཡིས་ཤིས་ཚིག་བསྒྲོན་ཞིང་། མི་རིང་བའི་གོང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ལས་འཛིན་ལྷན་ཚོགས་ཚོགས་འདུའི་ཕྱི་རྒྱལ་འཐུས་མི་ཚོགས་པའི་ཚོགས་གཙོ་དང་མཉམ་སྡེབ་མཇལ་འཛོམས་གནང་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཐེན་ཅིན་དབུ་ཚོགས་འཚོག་ཉེར་ཡོད་པའི་སྐབས་སུ། སྨྱན་སྦྱོར་རིག་མཛོད་ཀྱི་འཐུས་མི་མཉམ་དུ་འཛོམས་ནས་གླེང་མོལ་དང་སྤེལ་རེས་གནང་བ་དེས་དེ་བས་དམ་ཟབ་ཀྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཕྱོགས་ཁག་གིས“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་ཧུར་ཐག་བཏང་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱུན་མཐུད་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཤིན་ཧྭ་འཕྲིན་སྤེལ་ཁང་གི་ཧྲེ་ཀྲང་ཧྥུ་ཧྭ་ཡིས། སྨྱན་སྦྱོར་རིག་མཛོད་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ་ཕྱོགས་ཁག་དང་མཉམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་མཉམ་འབྲེལ་འཕེལ་རྒྱས་དོན་གཉེར་བྱེད་པའི་ཐུན་མོང་གི་བསམ་འདུན་དང་བསྟུན་པ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ཁེ་ཕན་གྱི་འབྲེལ་མཚམས་ཀྱི་གནས་དང་། དོ་ཁུར་བྱེད་གནས། མཉམ་སྒྲོག་གི་གནས་བཅས་ལ་དམིགས་ཏེ་དུས་རབས་གསར་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཕྱོགས་ཡོངས་དང་ཕྱོགས་བསྡུས་ཀྱི་སྒོ་ནས་མངོན་པར་བྱས་ནས། དེ་བས་དམ་ཟབ་ཀྱི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཕེང་ཅིན་ཧུའེ་ཡིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་དང་མཉམ་དུ་སྨྱན་སྦྱོར་རིག་མཛོད་དང་རིག་གནས་སྒྲིག་གཞིའི་དབར་གྱི་མཉམ་ལས་སྤེལ་རེས་མུ་མཐུད་ཟབ་ཏུ་བཏང་ནས། མཉམ་དུ“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གཏམ་རྒྱུད”ཡག་པོ་བརྗོད་པ་དང“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཉམས་མྱོང”བརྒྱུད་བསྒྲགས་བྱེད་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བཅས་བྱས་ཏེ། མཉམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ལེའུ་གསར་པ་རྩོམ་འདོད་ཡོད་ཅེས་གསུངས་པ་རེད།
ཧོ་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཉིང་གིས། ཧོ་ནན་ཞིང་ཆེན་གྱིས་ད་ཐེངས་ཀྱི་སྨྱན་སྦྱོར་རིག་མཛོད་དབུ་ཚོགས་གོ་སྐབས་སུ་བྱས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ཁྱབ་ཁོངས་ཁག་གི་མཛའ་གྲོགས་སྤེལ་རེས་དང་དངོས་གཉེར་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། གཏིང་ཟབ་པའི་ལོ་རྒྱུས་དང་རིག་གནས་ཀྱི་རྨང་གཞིའི་ལེགས་ཆ་ཡག་པོ་འདོན་པ། མི་ཆོས་རིག་གནས་སྤེལ་རེས་ཀྱི་འབྲེལ་ཐག་རྒྱུན་ཆད་མེད་པར་དམ་དུ་བཏང་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་དེ་བས་སྲ་ཞིང་བརྟན་པའི་དམངས་འདོད་ཀྱི་རྨང་གཞི་ལྡན་པར་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
དབུ་ཚོགས་ལ་ཞུགས་མཁན་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ལ་སྣ་མང་འོད་སྟོང་འཕྲོ་བའི་ཤེས་དཔལ་ལྡན་པ་དང་མི་རིགས་མི་འདྲ་བའི་རིག་གནས་མཉམ་འདྲེས་གཅིག་སྡུད་དང་འཆམ་མཐུན་མཉམ་གནས་ཡོད་པས། སྨྱན་སྦྱོར་རིག་མཛོད་ཀྱིས་དམངས་འདོད་འབྲེལ་གཏུག་དང་། གླེང་ཕྱོགས་ལ་ཁྲིད་སྟོན། ཞབས་ཞུའི་ཐབས་ཇུས་སོགས་ཐད་ཀྱི་ནུས་པ་གལ་ཆེན་བཏོན་ནས། རྒྱལ་ཁབ་ཁག་གི་མི་དམངས་ཕན་ཚུན་དབར་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་སྟེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐུན་མོང་ཁྱིམ་གཞིས་སྐྲུན་པར་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་བརྗོད་པ་རེད།
ཚོགས་འདུའི་ཐོག་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུའུ་ཡིས་དབུ་ཚོགས་ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་བྱས་ཤིང་། ཀྲ་ཕཱ་ལུའོ་ཧྥུའུ་ཡིས་སྨྱན་སྦྱོར་རིག་མཛོད་ཀྱིས་ཡིད་ཆེས་འཛུགས་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ལ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྙིང་སྟོབས་དང་རིག་གནས་ཀྱང་གང་ལེགས་མངོན་ཡོད། ད་ཐེངས་ཀྱི་དབུ་ཚོགས་ཐོག་ཞི་བདེ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་པའི་བསམ་ཕྱོགས་གསར་པ་དང་བྱ་ཐབས་གསར་པ་གྲུབ་རྒྱུར་སྔར་བས་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་སྨྱན་སྦྱོར་རིག་མཛོད་དབུ་ཚོགས་ཚེས་23ནས་27ཉིན་བར། ཧོ་ནན་ཀྲེང་ཀྲོའུ་རུ་འཚོགས་པ་དང་ཀྲུང་གོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་མཛུབ་ཁྲིད་བྱས་པ་དང་ཤིན་ཧྭ་གསར་འགྱུར་ཁང་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་ཡོད། དབུ་ཚོགས་རིང《ཧྲང་ཧའེ་མཉམ་ལས་རྩ་འཛུགས་སྨྱན་སྦྱོར་རིག་མཛོད་དབུ་ཚོགས་ཀྲེང་ཀྲོའུ་ཡི་ཐུན་མོང་ངོས་འཛིན》དང་། 《མིའི་རིགས་ཀྱི་ཤེས་དཔལ་གྱི་ནོར་བུར་མཉམ་དུ་སྲུང་སྐྱོང་བྱེད། དུས་རབས་གསར་པའི་ཀྲུང་གོའི་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་འདུ་ཤེས་དང་ལག་ལེན》 《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཞིབ་འཇུག》བཅས་ཀྱི་རིག་མཛོད་སྙན་ཞུ་ཁྱབ་བསྒྲགས་བྱས་པ་རེད། ཚོགས་ཞུགས་སྐུ་མགྲོན་ཚོས་ད་དུང་ཧོ་ནན་གྱི་ས་ཆ་མང་པོར་འཚམས་འདྲི་གནང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།