2025ལོའི་རྒྱལ་སྤྱིའི་འབྲུ་རིགས་འཕྲོ་བརླག་ཉུང་གཏོང་གི་ཚོགས་ཆེན་ཅི་ནན་དུ་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཅི་ནན་ནས་ཟླ་7ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཞིང་ལས་གྲོང་གསེབ་པུའུ་དང་། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུས། ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཉེར་བའི་2025ལོའི་རྒྱལ་སྤྱིའི་འབྲུ་རིགས་འཕྲོ་བརླག་ཉུང་གཏོང་གི་ཚོགས་ཆེན་ཚེས་25ཉིན་ཧྲན་ཏུང་ཅི་ནན་དུ་འགོ་ཚུགས་པ་རེད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཕེང་ཆིང་ཧྭ་ཚོགས་ཆེན་དུ་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད། ཕེང་ཆིང་ཧྭ་ཡིས་ཤིས་ཚིག་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མས་རྒྱལ་སྤྱིའི་འབྲུ་རིགས་འཕྲོ་བརླག་ཉུང་གཏོང་གི་ཚོགས་ཆེན་འཚོག་རྒྱུར་སྐུལ་འདེད་བཏང་སྟེ་ཕྱོགས་ཁག་གིས་ལག་གདང་སྦྲེལ་ནས་འབྲུ་རིགས་འཕྲོ་བརླག་ཉུང་གཏོང་ལ་སྐུལ་འདེད་གཏོང་བ་དང་མཉམ་དུ་འཛམ་གླིང་གི་འབྲུ་རིགས་བདེ་འཇགས་སྲུང་སྐྱོང་བྱེད་པའི་མཉམ་ཤུགས་ཆེན་པོ་ཆགས་པར་སྣེ་ཁྲིད་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད། ང་ཚོས་དེ་བས་རྒྱ་ཁྱབ་ངང་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པ་དང་། དེ་བས་གཏིང་ཟབ་པའི་སྒོ་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། དེ་བས་དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། “འཕྲོ་བརླག་ཉུང་དུ་གཏོང་བ་ནི་ཐོན་འཕར་དང་། ཟད་གྲོན་ཆུང་དུ་གཏོང་བ་ནི་འབབ་འཕར་ཡིན་པའི”འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ་དང་རང་རྟོགས་ཀྱི་བྱ་སྤྱོད་ལ་འགྱུར་བར་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དང“བཀྲེས་ལྟོགས་དང་དབུལ་ཕོངས་མེད་པའི”དམིགས་ཚད་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།
ཚོགས་ཆེན་གྱིས“ཚན་རྩལ་གསར་གཏོད་ཀྱིས་འབྲུ་རིགས་གྲོན་ཆུང་དང་འཕྲོ་བརླག་ཉུང་གཏོང་ལ་མཐུན་རྐྱེན་སྦྱོར་བ་དང་། གོ་ལ་ཧྲིལ་པོས་ལག་གདང་སྦྲེལ་ནས་འབྲུ་རིགས་བདེ་འཇགས་ལ་མཉམ་དུ་སྐུལ་འདེད་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་སྲིད་ཚོང་རིག་གསུམ་གྱི་ལས་རིགས་ཁག་གི་སྐུ་མགྲོན་300ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།