གྲོན་ཆུང་དར་སྤེལ་གཏོང་བ་དང་འཛད་སྤྱོད་ལ་སྐུལ་ལྕག་གཏོང་བར་འགལ་བ་མེད།
མིག་སྔར། འཕྲོ་བརླག་ནི་ཞེ་ཁྲེལ་དང་གྲོན་ཆུང་ནི་གཟི་བརྗིད་ཡིན་པའི་སྤྱི་ཚོགས་ཀྱི་རྣམ་པ་ཇེ་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་ཆབས་ཅིག འཛད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་བྱ་ཐབས་ཀྱང་གཅིག་རྗེས་གཉིས་མཐུད་ངང་འདོན་བཞིན་ཡོད། གྲོན་ཆུང་དར་སྤེལ་གཏོང་བ་དང་ཆབས་ཅིག་འཛད་སྤྱོད་ལའང་སྐུལ་ལྕག་གཏོང་བ་དེ་ཕར་བལྟས་ཚོད་ལ་འགལ་བ་ལྟ་བུར་སྣང་ཡང་དོན་དངོས་ཐོག་དེ་ལྟར་མིན།
གྲོན་ཆུང་དར་སྤེལ་དང་འཛད་སྤྱོད་ལ་སྐུལ་ལྕག་གཏོང་རྒྱུ་ནི་འདི་ཡིན་འདི་མིན་གྱི་ཁ་གཏད་ཀྱི་འབྲེལ་བ་ཞིག་མིན་པར། ཕན་ཚུན་སྐུལ་འདེད་གཏོང་རེས་ཐུབ་པའི“མཉམ་གནས་ཀྱི་འབྲེལ་བ”ཞིག་ཡིན། དེ་གཉིས་ཀྱི་འགོ་འཛུགས་ས་གཅིག་མཚུངས་ཡིན་པ་སྟེ། ཚང་མ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་དེ་བས་ལེགས་པའི་སྒོ་ནས་སྐོང་ཆེད་རེད།
ལོ་ངོ་སྟོང་ཕྲག་མང་པོའི་རིང་། ཧུར་བསྲི་གྲོན་ཆུང་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཞིག་ཡིན་པ་དང་ཆབས་ཅིག གྲོན་ཆུང་བབ་ཆགས་དང་། རྒྱས་སྤྲོས་སྤོངས་རྒྱུ་ནི་རང་རེའི་ཏང་གི་མཆོག་ནོར་ལྟ་བུ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཆུ་ཚད་གང་དུ་སླེབས་པ་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་ག་ཚོད་ཕྱིན་ཡང་དཀའ་སྤྱད་འབད་བརྩོན་དང་ཧུར་བསྲི་གྲོན་ཆུང་གི་བསམ་བློ་ནམ་ཡང་དོར་མི་རུང”ཞེས་ནན་བཤད་གནང་ཡོད།
རྒྱལ་ཁབ་ཕྱུག་པོ་ག་ཚོད་ཡོད་ཀྱང་དངུལ་ཁུག་ལ་ཚད་ཡོད། ལྷག་དོན་དུ་ང་ཚོའི་རྒྱལ་ཁབ་ད་དུང་དར་རྒྱས་ཆེ་བའི་རྒྱལ་ཁབ་མིན་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་ཁྱབ་ཁོངས་མང་པོར་དངུལ་སྤྱོད་དགོས་ཀྱི་ཡོད། ཧུར་བསྲི་གྲོན་ཆུང་དང་འཕྲོ་བརླག་ལ་ངོ་རྒོལ་བྱེད་པར་ཏང་སྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་དེ་ཟ་མཁས་འཐུང་མཁས་བྱས་ནས། གྲོན་ཆུང་ཐུབ་པའི་དངུལ་དེ་བས་མང་བ་སྤྱི་ཚོགས་ཀྱི་དམངས་འཚོའི་ཁྱབ་ཁོངས་སུ་སྤྱད་དེ་མི་སེར་ཚོ་འཚོ་བ་ཡག་པོ་སྐྱེལ་ཐུབ་པར་བྱེད་དགོས།
འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དེའང་མི་སེར་ཚོ་འཚོ་བ་ཡག་པོ་སྐྱེལ་ཐུབ་པའི་ཆེད་དུ་རེད།
འཛད་སྤྱོད་ནི་ཀྲུང་གོའི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པ་དང་གྲངས་གཞི་བརྒྱུད་དེའི་སྟོབས་ཤུགས་ཆེན་པོ་ཐད་ཀར་མངོན་ཐུབ་པ་སྟེ། ད་ལོའི་ལོ་སྟོད་དུ་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་བར་ནང་མཁོས་ལེགས་སྐྱེས་ཕུལ་ཚད་68.8%ཟིན་པའི་ནང་མཐའ་མའི་འཛད་སྤྱོད་གཏོང་སྒོས་ལེགས་སྐྱེས་ཕུལ་ཚད་52%ཟིན་ནས། ནང་མཁོ་དང་ལྷག་པར་དུ། འཛད་སྤྱོད་ནི་འཕར་སྣོན་ཡོང་བའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད། འོན་ཀྱང་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་བསྡུར་ན་རང་རྒྱལ་གྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བར་སྟོང་སྔར་བཞིན་ཅུང་ཆེན་པོ་ཡོད།
འཛད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུ་ནི་ནང་མཁོ་རྒྱ་ཆེར་གཏོང་བ་དང་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་རྒྱ་སྟོབས་ཆེ་རུ་གཏོང་བའི་གལ་ཆེའི་ནང་གི་འགངས་ཆེ་ཞིག་ཡིན། ད་ལོ་ཚུན་དུ་ཀྲུང་དབྱང་དང་ས་གནས་ཀྱིས་མཉམ་དུ་ནུས་ཤུགས་བཏོན་ནས། འཛད་སྤྱོད་ལ་ཚོད་འཛིན་བཟོ་བའི་འགལ་ཟླ་དང་གནད་དོན་མངོན་གསལ་དོད་པོ་རྣམས་དམིགས་སའི་རང་བཞིན་ལྡན་པའི་ངང་ཐག་གཅོད་བྱས་པ་དང་། ས་གནས་ཁག་གིས་འཛད་སྤྱོད་འཛིན་ཤོག་དང་རྙིང་པ་གསར་པར་བརྗེ་བ་སོགས་ཀྱི་བྱ་ཐབས་ཞིབ་ཕྲ་གཅིག་རྗེས་གཉིས་མཐུད་ངང་བཏོན་པས། ཚང་མར་འཛད་སྤྱོད་བྱེད་ནུས་དང་། བློ་འདོད། ཆ་རྐྱེན་བཅས་ལྡན་པར་བྱེད་པ་དང་། ལྗང་མདོག་འཛད་སྤྱོད་དང་ཤེས་དཔལ་འཛད་སྤྱོད་ཀྱི་འདུ་ཤེས་གྲུབ་པར་ཁྲིད་སྟོན་བྱས་ཏེ་འཛད་སྤྱོད་ཀྱི་སྤུས་ཚད་མཐོ་རུ་བཏང་ཡོད།
ཧུར་བསྲི་གྲོན་ཆུང་ནི་དཔལ་འབྱོར་འཕེལ་རྒྱས་ཡག་པོ་ཡོང་བར་སྐུལ་འདེད་གཏོང་ཆེད་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་ཐོན་ཁུངས་སྣ་ཚོགས་གྲོན་ཆུང་དང་ལེགས་བསྡུས་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས། ཐོན་སྐྱེད་ཀྱི་མ་གནས་དམའ་རུ་ནུས་ལྡན་བཏང་སྟེ་ལྗང་མདོག་འཕེལ་རྒྱས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་ནི་དཔལ་འབྱོར་འཕེལ་རྒྱས་བཟང་པོ་ཡོང་བར་སྐུལ་འདེད་གཏོང་ཆེད་ཡིན། འཛད་སྤྱོད་ཀྱི་དགོས་མཁོ་ཕྱོགས་ཡོངས་ནས་རྒྱ་སྐྱེད་བཏང་ཚེ་གཞི་ནས་ཐོན་སྐྱེད་ལ་སྐུལ་ཁྲིད་དང་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། ལས་ཞུགས་དང་གྲོང་མིའི་ཡོང་འབབ་མང་དུ་ཕྱིན་ནས་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་བཟང་པོ་ཡོང་ཐུབ།
རྩོམ་པ་པོ། 《རྒྱལ་ཁབ་མི་ཆོས་རིག་གནས་ལོ་རྒྱུས》ཀྱི་གསར་འགོད་པ་ཝེ་ཐུང་དབྱང་།
འབྲེལ་ཡོད་གསར་འགྱུར།