རྡོ་སྣུམ་ཐོན་ལས་ཀྱིས་སྤྱི་པའི་ཞབས་ཞུར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བར་སྐུལ་ཁྲིད་ནུས་ལྡན་ཐུབ་པ།
ཀུའེ་ཡ་ན་ཡིས་རྒྱུན་སྲིང་ཆོག་པའི་དཔལ་འབྱོར་འཕར་བར་སྐུལ་འདེད་བཏང་བ།
ཞོགས་པའི་ཉི་གཞོན་ཀུའེ་ཡ་ནའི་མཚོ་འགྲམ་དུ་འཕྲོ་སྐབས། མཚོ་ཐོག་རྡོ་སྣུམ་ཐོན་སྐྱེད་དང་དབོར་གསོག་སྐྱེལ་འདྲེན་གྱི་གྲུ་གཟིངས་ཆེན་པོ་དེ་ཞོགས་པའི་སྨུག་སྤྲིན་ཁྲོད་གསལ་ལ་མི་གསལ་བ་མངོན། ལོ་5ཡི་གོང་དུ་དེ་ག་ནི་ནུབ་རྒྱ་མཚོ་ཆེན་པོའི་འགྲམ་གྱི་མཚོ་ཁོངས་དཀྱུས་མ་ཞིག་རེད། ད་ཆ་ཉིན་རེར་མ་བཅོས་སྣུམ་ལྕགས་ཟོམ་ཁྲི་65ཙམ་ཐོན་སྐྱེད་ཐུབ་པའི་ནུས་རྒྱུའི་ལྟེ་གནས་ཤིག་ཏུ་གྱུར་ཡོད། ཀུའེ་ཡ་ནའི་མཚོ་ཐོག་སྣུམ་ཞིང་གིས་ལྕགས་ཟོམ་དུང་ཕྱུར་110ཙམ་སྒྲུབ་གསོག་བྱེད་ཐུབ་ཀྱི་ཡོད་པ་དང་། 2019ལོའི་ལོ་མཇུག་ནས་བཟུང་ཚོང་ལས་ཅན་གྱི་ཐོན་སྐྱེད་བྱས་ཚུན་ཀུའེ་ཡ་ནའི་ནུས་རྒྱུའི་ཐོན་ལས་ལ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། 2025ལོར་རྒྱལ་ཁབ་དེའི་མཚོ་ཐོག་སྣུམ་ཞིང་གིས་ཉིན་རེར་སྣུམ་ཐོན་སྐྱེད་བྱེད་ཚད་སྔོན་དཔག་ལྟར་ན་ལྕགས་ཟོམ་ཁྲི་80ཟིན་གྱི་ཡོད།
ཕུན་སུམ་ཚོགས་པའི་རྡོ་སྣུམ་ཐོན་ཁུངས་ཀྱིས་ཀུའེ་ཡ་ནའི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་པར་སྐུལ་མ་ཐེབས་ཤིང་། 2022ལོར་ཀུའེ་ཡ་ནའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)62.3%འཕར་བ་དང་། 2022ལོ་ནས་2024ལོ་བར་ཀུའེ་ཡ་ནའི་GDPལོ་རེར་ཆ་སྙོམས་འཕར་ཚད་47%ཟིན་པ། ཀུའེ་ཡ་ནའི་མི་རེའི་ཆ་སྙོམས་GDP2022ལོར་ཨ་སྒོར་17913.49བར་འཕར་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་དབྱེ་ཞིབ་བྱས་པར་གཞིགས་ན། 2025ལོར་ཀུའེ་ཡ་ནའི་GDP14%འཕར་བཟོ་ཡོད་པ་རེད།
མིག་སྔར། ཀུའེ་ཡ་ན་ཡིས་དཔལ་འབྱོར་ཕྱོགས་སྒྱུར་ལ་སྐུལ་འདེད་མགྱོགས་པོ་གཏོང་བཞིན་ཡོད། འཕར་ཚད་མགྱོགས་པའི་རྡོ་སྣུམ་ཐོན་ཚད་ཕུད་ཤུགས་ཆེན་འཕར་བའི་རྡོ་སྣུམ་མིན་པའི་ཐོན་རྫས་དང་གཞི་ཁྱོན་ཆེ་བའི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཀྱང་ཀུའེ་ཡ་ནའི་GDPའཕར་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་པར་སྐུལ་འདེད་གཏོང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པ་དང་། རྡོ་སྣུམ་མིན་པའི་དཔལ་འབྱོར་དང་ལྷག་པར་དུ་ཨར་སྐྲུན་ལས་རིགས་དང་ཞབས་ཞུའི་ལས་རིགས་ཤུགས་ཆེན་འཕར་བ་ལས་དཔལ་འབྱོར་གྱི་བྱེད་སྒོ་དེ་རྡོ་སྣུམ་ཕུད་པའི་ཁྱབ་ཁོངས་སུ་རྒྱ་སྐྱེད་ཐུབ་བཞིན་ཡོད་པ་གསལ་བཤད་བྱེད་ཐུབ། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། མ་འོངས་པའི་ལོ་5ཡི་རིང་། ཀུའེ་ཡ་ནའི་རྡོ་སྣུམ་མིན་པའི་GDPལོའི་འཕར་ཚད་ཧ་ལམ་6.75%ཟིན་བཟོ་ཡོད་པ་རེད།
ཀུའེ་ཡ་ནའི་དཔལ་འབྱོར་མགྱོགས་མྱུར་འཕར་བ་དང་ཆབས་ཅིག་ཁོར་ཡུག་གི་ཉམས་ཉེན་ཇེ་སྡུག་ཏུ་འགྲོ་བའི་འགྲན་སློང་འཕྲད་བཞིན་ཡོད། ཀུའེ་ཡ་ནར་མི་འབོར་90%ལྷག་ཙམ་མཚོ་འགྲམ་གྱི་གཤོངས་སར་འཚོ་བ་སྐྱེལ་བཞིན་ཡོད་པས་མཚོ་ངོས་མཐོ་རུ་འགྲོ་བའི་ཤུགས་རྐྱེན་ཕོག་སླ་པོ་ཡོད། རྒྱལ་ཁབ་དེའི་ནགས་ཚལ་ཁེབས་ཚད་87%ལྷག་ཙམ་ཟིན་པ་དེ་ནི་འཛམ་གླིང་ཐོག་ཐཱན་འདུས་ཚད་གལ་ཆེ་ཤོས་ཀྱི་གྲས་ཤིག་རེད། དེར་བརྟེན་ཀུའེ་ཡ་ན་སྲིད་གཞུང་གིས་ཁ་གཏད་གཅོག་པའི་ཇུས་གཞི《2030ལོའི་ཐཱན་ཉུང་གི་འཕེལ་རྒྱས་འཐབ་ཇུས》བཟོས་ནས་ཁོར་ཡུག་གི་རྒྱུ་ནོར་དེ་འཕེལ་རྒྱས་འཆར་འགོད་ཀྱི་ལྟེ་བ་གལ་ཆེན་དུ་བརྩིས་ཏེ་རྒྱུན་མཐུད་ཆོག་པའི་རྣམ་པའི་ཐོག་ནས་རང་བྱུང་ཐོན་ཁུངས་ལ་བརྟེན་ཏེ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་དགོས་པ་དང་ས་གནས་དེ་གའི་ནགས་ཚལ་ཁེབས་ཚད་དང་ནགས་ཚལ་གྱི་བཀག་སྡོམ་ཉར་ཚགས་བྱེད་ཚད་ལ་སྲུང་སྐྱོང་བྱེད་པ་བརྒྱུད་ཡོང་འབབ་མང་དུ་གཏོང་དགོས་ཞེས་བཏོན་ཡོད། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་། ཆུ་རྒྱུད་དོ་དམ། རྒྱ་མཚོའི་དཔལ་འབྱོར་སོགས་ཀྱང་འཐབ་ཇུས་དེའི་དོ་ཁུར་བྱེད་ས་གཙོ་བོ་ཞིག་ཀྱང་རེད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཀུའེ་ཡ་ནའི་དཔལ་འབྱོར་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་ཕྱིན་ཡོད། 2018ལོར། ཀུའེ་ཡ་ན་ཡིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོའི་ནང་ཞུགས་ཡོད། མིག་སྔར་ཀུའེ་ཡ་ནཱར་གཉེར་སྐྱོང་བྱེད་མཁན་ཀྲུང་གོའི་མ་འཇོག་ཁེ་ལས་30ལྷག་ཙམ་ཡོད། ལས་སྒོའི་ཁྱབ་ཁོངས་སུ་རྡོ་སྣུམ་དང་། གཏེར་ཁ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་དང་དེ་བཞིན་དམངས་འཚོའི་འདུ་འགོད་གལ་ཆེན་རབ་དང་རིམ་པ་ཚུད་ཡོད། མིག་སྔར་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཀུའེ་ཡ་ནའི་ཤིན་ཏེ་མེ་ལཱ་ལཱ་གཙང་པོའི་ཟམ་ཆེན་རྣམ་གྲངས་ཨར་སྐྲུན་བྱེད་སྒང་ཡིན་ཞིང་། དེ་ནི་ཀུའེ་ཡ་ནར་ད་བར་གཞི་ཁྱོན་ཆེ་ཤོས་དང་ལག་རྩལ་རྙོག་འཛིང་ཆེ་ཤོས་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གྲྭའི་གྲས་ཤིག་ཡིན་པ་དང་། བསྐྲུན་ཟིན་རྗེས་ས་གནས་དེ་གའི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། ཞིང་ལས། ཡུལ་སྐོར་ལས་རིགས་སོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།