མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོང་དོན་དང་འཕེལ་རྒྱས་ཚོགས་འདུའི་སྙན་ཞུ་གསར་ཤོས་ནང་སྔོན་དཔག་བྱས་པ་ལྟར་ན།
ལོ་སྨད་དུ་གོ་ལ་ཧྲིལ་པོའི་ཚོང་དོན་གྱི་ངེས་མེད་རང་བཞིན་ཆེ་རུ་འགྲོ་རྒྱུ་ཡིན་པ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོང་དོན་དང་འཕེལ་རྒྱས་ཚོགས་འདུའི་ཐོག་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་སྙན་ཞུ《གོ་ལ་ཧྲིལ་པོའི་ཚོང་དོན་གྱི་གནས་ཚུལ་གསར་ཤོས》ལས་མངོན་པ་ལྟར་ན། གོ་ལ་ཧྲིལ་པོའི་ཚོང་དོན་2025ལོའི་དུས་ཚིགས་དང་པོར་1.5%ཙམ་འཕར་བ་དང་དུས་ཚིགས་གཉིས་པར་སྔོན་དཔག་བྱས་ན་2%འཕར་ནས་2023ལོའི་ལོ་སྨད་ཚུན་དོ་སྙོམས་བསྐྱར་འཕར་ཡོང་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་རྒྱུ་ཡིན་པ་རེད། སྙན་ཞུ་དེའི་ནང་དུ། ད་ལོའི་ལོ་སྟོད་དུ་གོ་ལ་ཧྲིལ་པོའི་ཉོ་ཚོང་གྲངས་འབོར་ཨ་སྒོར་དུང་ཕྱུར་3000ཙམ་འཕར་ཡོད་ན་ཡང་། ཨ་རིའི་ཚོང་དོན་སྲིད་ཇུས་ཀྱི་ངེས་མེད་རང་བཞིན་དང་ས་འབྲེལ་ཆབ་སྲིད་ཛ་དྲག་ཆེ་བ་སོགས་ཀྱི་ཤུགས་རྐྱེན་ཐེབས་སྟབས། འདི་ལོའི་ལོ་སྨད་དུ་གོ་ལ་ཧྲིལ་པོའི་ཚོང་དོན་ལ་འགོག་རྐྱེན་དེ་བས་ཆེ་བ་འཕྲད་དེ་ངེས་མེད་རང་བཞིན་ཆེ་རུ་འགྲོ་རྒྱུ་རེད་ཅེས་བསྟན་ཡོད་པ་རེད།
སྙན་ཞུ་དེའི་ནང་དུ། ཨ་རིའི་ཚོང་དོན་སྲིད་ཇུས་ཀྱི་ཁ་ཕྱོགས་གསལ་པོ་མེད་པས་མ་འོངས་པར་ཨ་རིས་ཆེད་དམིགས་རྒྱལ་ཁབ་དང་ཐོན་རྫས་ལ་དམིགས་པའི་སྒོ་ཁྲལ་གནས་སྐབས་མཚམས་འཇོག་དང་། ཆག་ཡང་གཏོང་བ། གསར་དུ་འཕར་སྣོན་རྒྱག་པ་སོགས་གང་བྱེད་སྔོན་དཔག་བྱེད་ཁག་པོ་ཡོད། གལ་སྲིད་ཨ་རིས་གོམ་གང་མདུན་སྤོས་ཀྱིས་ཕྱོགས་རྐྱང་པའི་བྱེད་ཐབས་སྤྱད་ཚེ། ཚོང་དོན་གནས་བབ་སྔར་བས་ཛ་དྲག་ཏུ་ཕྱིན་ནས་རིམ་འབྲེལ་འགྱུར་འབྱུང་ལས་རྒྱལ་ཁབ་དང་ས་ཁུལ་དེ་བས་མང་པོར་ཤུགས་རྐྱེན་ཐེབས་སྲིད་པའི་ངོས་འཛིན་བྱས་ཡོད། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་མཉམ་བཙུགས་སྒྲིག་གཞི་རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་ཕཱ་མེ་ལཱ·ཁོ་ཁེ-ཧན་མིར་ཏུན་གྱིས་ཨ་རིའི་སྒོ་ཁྲལ་སྲིད་ཇུས་ཀྱིས་ངེས་མེད་དུས་ཡུན་རིང་དུ་བཏང་བས་ཡུན་རིང་མ་རྩ་འཇོག་པ་དང་ཚོང་ལས་གན་རྒྱར་ཤུགས་རྐྱེན་ཐེབས་ནས་ངེས་མེད་རང་བཞིན་དང་མི་བརྟན་པའི་རང་བཞིན་སྔར་བས་ཆེ་རུ་འགྲོ་རྒྱུ་རེད་ཅེས་བརྗོད་པ་རེད།
རྒྱལ་སྤྱིའི་ཚོང་དོན་ལྟེ་གནས་ཀྱི་རྗེས་འདེད་གྲངས་གཞི་ལས་མངོན་པ་ལྟར་ན། 2024ལོའི་ལོ་འགོ་ནས་བཟུང་། གོ་ལ་ཧྲིལ་པོར་ཚོད་འཛིན་རང་བཞིན་གྱི་ཉོ་ཚོང་བྱེད་ཐབས་150ལྷག་གསར་དུ་འཕར་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་དང་ཟིང་ཆ་མཉམ་འབྱུང་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་མདུན་ལམ་ལ་ངེས་གཏན་མེད་པ་སོགས་ཀྱི་རྒྱུ་རྐྱེན་མང་པོའི་འོག གོ་ལ་ཧྲིལ་པོའི་ཚོང་དོན་ཁོར་ཡུག་གི་གནོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།