ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་གློག་གསོག་འབོའི་སྤུས་ཚད་ཀྱི་བདེ་འཇགས་ལ་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུའི་བཀོད་སྒྲིག་བྱས་པ།
ཉིན་ཤས་གོང་གསར་འགོད་པས་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ཟླ་བ་བདུན་པ་ནས་ཟླ་བ་དགུ་པའི་བར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་ཡོངས་སུ་གློག་གསོག་འབོའི་སྤུས་ཚད་ཀྱི་བདེ་འཇགས་ལ་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུའི་བཀོད་སྒྲིག་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཉེ་ཆར་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས《གློག་གསོག་འབོའི་སྤུས་ཚད་ཀྱི་བདེ་འཇགས་ལ་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ཏེ། ཕྱོགས་ལྔའི་ཐད་ནས་གློག་གསོག་འབོའི་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་འདོམས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྤྱི་པའི་བདེ་འཇགས་འགན་ལེན་ཏན་ཏིག་བྱ་རྒྱུའི་བཀོད་སྒྲིག་བྱས་པ་རེད།
CCCཁས་ལེན་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པའི་ཐད། CCCཁས་ལེན་ཐོབ་པའི་གློག་གསོག་འབོའི་ཐོན་རྫས་དང་དེའི་ཐོན་སྐྱེད་པ་དང་ཐོན་སྐྱེད་ཁེ་ལས་ལ་ཁས་ལེན་དཔང་འདོན་ལས་ཁུངས་སྒྲིག་འཛུགས་བྱས་ཏེ་བསྐྱར་ཞིབ་གཏིང་ཟབ་བྱེད་པ་དང་། གློག་གསོག་འབོའི་CCCཁས་ལེན་མཚོན་རྟགས་སྒྱུར་བཅོས་ཚོད་ལྟ་བྱས་ནས་CCCཁས་ལེན་མཚོན་རྟགས་ཞིབ་བཤེར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།
སྤུས་ཚད་ལྟ་སྐུལ་དང་འཐེན་བཤེར་ལ་ཤུགས་སྣོན་རྒྱག་པའི་ཐད། དྲ་ཐོག་ནས་བཙོང་པའི་གློག་གསོག་འབོའི་ཐོན་རྫས་ཀྱི་སྤུས་ཚད་ལ་ལྟ་སྐུལ་དང་འཐེན་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། དྲ་ཐོག་ཏུ་བྲིན་ཁ་རྒྱུག་པ་དང་གོང་ཁེ་བའི་གློག་གསོག་འབོའི་ཐོན་རྫས་ལ་གཙོ་གནད་ཐོག་འཐེན་བཤེར་བྱས་ཏེ་འཐེན་བཤེར་བྱེད་རྒྱ་ཆེ་རུ་དང་འཐེན་བཤེར་གྱི་ཁག་ཐེངས་མང་དུ་གཏོང་རྒྱུ་རེད།
ལྟ་འདོམས་ཁྲིམས་སྒྱུར་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པའི་ཐད། CCCཁས་ལེན་མ་ཐོབ་པའི་གློག་གསོག་འབོ་རང་དགར་བཟོ་གྲྭ་ནས་ཐོན་པ་དང་། ཕྱིར་ཚོང་བྱེད་པ། དེ་བཞིན་གཉེར་སྐྱོང་བྱེད་སྒོ་གཞན་དག་ནང་སྤྱོད་པ། རྒྱལ་ཁབ་ཀྱི་བཙན་ཤེད་རང་བཞིན་གྱི་ཚད་གཞི་དང་མི་མཐུན་པའི་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་པ། ལྷད་གཏོང་རྫུན་བཟོ་བྱེད་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཐག་གཅོད་ནན་པོ་བྱ་རྒྱུ་དང་འབྲེལ་ཚབས་ཆེའི་དཔེ་མཚོན་གྱོད་དཔེ་དུས་ཐོག་ཏུ་དམར་འདོན་བྱ་རྒྱུ་རེད།
ཚུར་བསྡུ་ཤུགས་ཆེ་རུ་གཏོང་བའི་ཐད། འཛད་སྤྱོད་པའི་ཞུ་གཏུག་དང་། ཐོན་རྫས་ཀྱི་ལས་འཛོལ་སྙན་ཞུ། ཐོན་རྫས་ཀྱི་གནོད་འཚེ་ལྟ་ཞིབ་ཚད་ལེན། དྲ་རྒྱའི་གླེང་ཕྱོགས་ལྟ་ཞིབ་ཚད་ལེན་སོགས་ཀྱི་ཐབས་ལམ་བརྒྱུད། གློག་གསོག་འབོའི་ཁེ་ལས་ལ་ཡོངས་ཁྱབ་ཀྱི་སྐྱོན་ཆའི་ཁུངས་སྣེའི་ཆ་འཕྲིན་ལྟ་ཞིབ་ཚད་ལེན་དང་། དབྱེ་ཞིབ། གྲལ་བཤེར་བཅས་བྱ་རྒྱུ་རེད། སྐྱོན་ཡོད་གློག་གསོག་འབོའི་ཐོན་རྫས་ཚུར་བསྡུ་རྒྱུར་ཤུགས་སྣོན་རྒྱག་པ་དང་དྲ་ཚོང་ལས་སྟེགས་ཐོག་ཕྱིར་ཚོང་བྱེད་མཚམས་འཇོག་རྒྱུར་སྐུལ་འདེད་བཏང་ནས་ཚུར་བསྡུའི་འགན་སྲུང་ལས་དོན་ཏན་ཏིག་བསྒྲུབ་རྒྱུ་རེད།
ལས་སྟེགས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བའི་ཐད། དྲ་ཚོང་ལས་སྟེགས་ཀྱིས་དྲ་ཐོག་ཚོང་ཁང་གི་ཐོབ་ཐང་ལ་ཞིབ་བཤེར་དང་སྒྲིག་འགལ་བྱེད་སྤྱོད་ལ་དོ་དམ་བྱེད་པར་ཤུགས་སྣོན་བརྒྱབ་ནས་གནད་དོན་ཡོད་པའི་གློག་གསོག་འབོའི་ཞིབ་བཤེར་དང་ལྟ་སྐུལ་ཚོད་འཛིན་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད། གློག་གསོག་འབོའི་ཐོན་རྫས་ཀྱི་ཨང་རྟགས་ཞིབ་བཤེར་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བཏང་སྟེ། CCCཁས་ལེན་གྱི་དྲ་སྦྲེལ་ཞིབ་བཤེར་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།