ཞི་ཅིན་ཕིང་གིས་ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གསར་དུ་བསྐོ་གཞག་བྱས་པའི་གཞུང་ཚབ་ཆེ་མོ་བས་ཕུལ་བའི་རྒྱལ་ཡིག་བཞེས་པ།
ཟླ་7ཚེས་25ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་16གིས་ཕུལ་བའི་རྒྱལ་ཡིག་བཞེས་ཤིང་། འདི་ནི་མཛད་སྒོ་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་གིས་པེ་ཅིང་ཚོམས་ཆེན་དུ་གཞུང་ཚབ་པ་ཚོར་གསུང་བཤད་གནང་བཞིན་པ།
■ ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དབར་གྱི་མཛའ་གྲོགས་འབྲེལ་བར་གཅེས་འཛིན་བྱེད་ཀྱི་ཡོད་ལ་ཕན་ཚུན་བརྩི་འཇོག་དང་། ལྟ་སྟངས་གཅིག་འཛིན། གཉིས་ཁེ་གཉིས་ཕན་བཅས་ཀྱི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་དང་ཕྱོགས་ཡོངས་ནས་མཉམ་ལས་བྱས་ཏེ། ཁྱབ་ཁོངས་ཁག་གི་སྤེལ་རེས་ལ་ཤུགས་སྣོན་རྒྱག་འདོད་ཡོད། མིག་སྔར། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ལ་དཔལ་འབྱོར་མུ་མཐུད་བརྟན་ཐོག་ལེགས་འཕེལ་འགྲོ་བཞིན་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རའི་ཁེ་སྤོགས་སྤྲད་དེ། ཀྲུང་གོའི་འཕེལ་རྒྱས་གསར་པ་རྒྱལ་ཁབ་ཁག་གི་གོ་སྐབས་གསར་པར་འགྱུར་བར་བྱས་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བར་གཏན་འཁེལ་རང་བཞིན་དེ་བས་མང་བ་སྣོན་གྱི་ཡིན།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་25ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་16གིས་ཕུལ་བའི་རྒྱལ་ཡིག་བཞེས་པ་རེད།
མི་དམངས་ཚོགས་ཁང་ཆེ་མོའི་བྱང་སྒོའི་ཕྱི་རོལ་དུ་གུས་དམག་རྣམས་གྲལ་སྟར་འགྲིག་པོས་གཞོགས་གཡས་གཡོན་གཉིས་སུ་ལངས་ནས་ཡོད་པ་དང་དུང་གཏོང་མཁན་གྱིས་མགྲོན་བསུའི་དུང་བརྡ་བཏང་བ་དང་ཆབས་ཅིག གཞུང་ཚབ་ཆེ་མོ་བ་ཚོ་གཅིག་རྗེས་གཉིས་མཐུད་ངང་ཕེབས་འབྱོར་ཟིན་ཞིང་། དར་སྦྲེང་རུ་སྟར་གྱི་དཀྱིལ་ནས་གཡང་ཊི་དཀར་པོའི་རྡོ་སྐས་འཛེགས་ཏེ་ཕེབས་པ་རེད།
《རི་ཀླུང་འདི་འདྲའི་མཛེས་སྡུག་ཆེ་བ་ལ》ཞེས་པའི་ལྡེབས་རིས་ཆེན་པོའི་མདུན་དུ་ཞི་ཅིན་ཕིང་གིས་གཞུང་ཚབ་ཆེ་མོ་བ་ཚོས་ཕུལ་བའི་རྒྱལ་ཡིག་བཞེས་པ་མ་ཟད། ཁོང་རྣམ་པ་དང་ལྷན་བཞུགས་སྐུ་པར་ཡང་བསྐྱོན་པ་རེད།
ཁོང་རྣམ་པ་ནི། ཀྲུང་གོར་བཅའ་སྡོད་ཝེ་ཐེ་ནམ་གྱི་གཞུང་ཚབ་ཆེ་མོ་བ་ཧྥན་ཆིང་ཕིང་དང་། ཀྲུང་གོར་བཅའ་སྡོད་ཕ་ན་མའི་གཞུང་ཚབ་ཆེ་མོ་བ་ལེ་མིང་། ཀྲུང་གོར་བཅའ་སྡོད་ཏོ་སྨི་ནི་ཁའི་གཞུང་ཚབ་ཆེ་མོ་བ་ཀེ་མའེ་སི། ཀྲུང་གོར་བཅའ་སྡོད་ཨར་པ་ནི་ཡའི་གཞུང་ཚབ་ཆེ་མོ་བ་པོ་ཏ། ཀྲུང་གོར་བཅའ་སྡོད་ནེའུ་ཙི་ལན་གྱི་གཞུང་ཚབ་ཆེ་མོ་བ་ཆའོ་ཝུན་པོ། ཀྲུང་གོར་བཅའ་སྡོད་ཕ་ཕུ་ཡ་ཀུའི་ནེ་ཡའི་གཞུང་ཚབ་ཆེ་མོ་བ་ཁ་མུའུ་པ་ནེ། ཀྲུང་གོར་བཅའ་སྡོད་ཨན་ཀོ་ལའི་གཞུང་ཚབ་ཆེ་མོ་བ་ཨའེ་ལུན། ཀྲུང་གོར་བཅའ་སྡོད་ཨེ་ཅིབ་ཀྱི་གཞུང་ཚབ་ཆེ་མོ་བ་ན་ཙི་སྨི། ཀྲུང་གོར་བཅའ་སྡོད་ནི་ཁ་ར་ཀྭ་ཡི་གཞུང་ཚབ་ཆེ་མོ་བ་ཁུང་ལེ་རན། ཀྲུང་གོར་བཅའ་སྡོད་དབྱི་རན་གྱི་གཞུང་ཚབ་ཆེ་མོ་བ་ཧྥ་ཙི་ལི། ཀྲུང་གོར་བཅའ་སྡོད་ཆི་ལིའི་གཞུང་ཚབ་ཆེ་མོ་བ་ཨ་ལི་ཡ་ལན། ཀྲུང་གོར་བཅའ་སྡོད་ཡུག་རེན་གྱི་གཞུང་ཚབ་ཆེ་མོ་བ་ཉེ་ཆི་ཐ་དབྱི་ལོ། ཀྲུང་གོར་བཅའ་སྡོད་པེ་ནི་ནའི་གཞུང་ཚབ་ཆེ་མོ་བ་ཨ་ཅ་པཱ། ཀྲུང་གོར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེ་མོ་བ་ཕང་ཏེ་ཝུའེ། ཀྲུང་གོར་བཅའ་སྡོད་དབྱི་སི་རལ་གྱི་གཞུང་ཚབ་ཆེ་མོ་བ་པེ་དབྱི་ལི། ཀྲུང་གོར་བཅའ་སྡོད་སུའུ་ཏན་ལྷོ་མའི་གཞུང་ཚབ་ཆེ་མོ་བ་མོ་ལི་སི་བཅས་རེད། ཞི་ཅིན་ཕིང་གིས་ད་དུང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ཡེར་མེ་ཁེ་པ་ཡེ་ཧྥུའུ་དང་མཇལ་འཛོམས་གནང་བ་རེད།
མཛད་སྒོ་མཇུག་འགྲིལ་རྗེས་ཞི་ཅིན་ཕིང་གིས་པེ་ཅིང་ཚོམས་ཆེན་དུ་གཞུང་ཚབ་པ་ཚོར་གསུང་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་གཞུང་ཚབ་པ་ཚོ་ཀྲུང་གོར་འགན་འཁྲི་སྒྲུབ་པར་ཕེབས་པར་དགའ་བསུ་ཞུས་པ་དང་། ཁོང་ཚོར་རང་རང་སོ་སོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མི་དམངས་ལ་སྨོན་འདུན་བཟང་པོ་བརྒྱུད་ཞུ་བྱེད་རོགས་ཞུས་པ། སླད་ཕྱིན་གཞུང་ཚབ་པ་ཚོས་ཕྱོགས་ཡོངས་ནས་ཀྲུང་གོ་ཤེས་རྟོགས་གཏིང་ཟབ་བྱས་ཏེ། ཀྲུང་གོ་དང་རྒྱལ་ཁབ་ཁག་དབར་གྱི་མཛའ་གྲོགས་ཟབ་ཏུ་དང་ཀྲུང་གོ་དང་འཛམ་གླིང་དབར་གྱི་འགྲོ་འོང་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དབར་གྱི་མཛའ་གྲོགས་འབྲེལ་བར་གཅེས་འཛིན་བྱེད་ཀྱི་ཡོད་ལ་ཕན་ཚུན་བརྩི་འཇོག་དང་། ལྟ་སྟངས་གཅིག་འཛིན། གཉིས་ཁེ་གཉིས་ཕན་བཅས་ཀྱི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་དང་ཕྱོགས་ཡོངས་ནས་མཉམ་ལས་བྱས་ཏེ། ཁྱབ་ཁོངས་ཁག་གི་སྤེལ་རེས་ལ་ཤུགས་སྣོན་རྒྱག་འདོད་ཡོད། མིག་སྔར། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ལ་དཔལ་འབྱོར་རྒྱུན་མཐུད་བརྟན་ཐོག་ལེགས་འཕེལ་འགྲོ་བཞིན་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རའི་ཁེ་སྤོགས་སྤྲད་དེ། ཀྲུང་གོའི་འཕེལ་རྒྱས་གསར་པ་རྒྱལ་ཁབ་ཁག་གི་གོ་སྐབས་གསར་པར་འགྱུར་བར་བྱས་ནས་འཛམ་གླིང་གི་དཔལ་འབྱོར་འཕར་བར་གཏན་འཁེལ་རང་བཞིན་དེ་བས་མང་བ་སྣོན་གྱི་ཡིན་ཞེས་བསྟན་གནང་བ་རེད།
ཞི་ཅིན་ཕིང་གིས་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་པ་དང་འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། རྒྱལ་ཁབ་ཁག་གིས་དེ་སྔོན་གྱི་དུས་གང་ཞིག་ལས་ཀྱང་ལྷག་པར་མཐུན་སྒྲིལ་མཉམ་ལས་བྱས་ཏེ། བློ་རྒྱ་ཡངས་པོས་འགལ་རྐྱེན་དང་གདོང་ཐུག་ལས་རྣམ་པར་རྒྱལ་བ་དང་བརྩེ་བ་ཆེན་པོས་མིའི་རིགས་ཀྱི་ལས་དབང་ལ་ལྟ་རྟོག་བྱེད་དགོས། ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་ཞིག་རེད་ལ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་80འཁོར་བའི་ལོ་ཞིག་ཀྱང་རེད། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱས་ཏེ། མཛའ་གྲོགས་མཉམ་ལས་ཀྱི་ལག་ལེན་པ་དང་། ཤེས་རིག་ཕན་ཚུན་དཔྱད་གཞིར་འཛིན་པའི་སྐུལ་འདེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་པ་བཅས་བྱས་ཏེ་ལག་གདང་སྦྲེལ་ནས་སྐར་མའི་གོ་ལ་འདིའི་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
འབྲེལ་ཡོད་གསར་འགྱུར།