དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་གཞི་ཁྱོན་ངེས་ཅན་ཆགས་ནས་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་ལྡན་པ་ནི་ཀྲུང་གོའི་སྒོ་དབྱེའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཧོ་དབྱིན།   |     སྤེལ་དུས།  2025-07-26

    ད་ལོའི་ཟླ་12ཚེས་18ཉིན་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་དངོས་སུ་ཁྲལ་སྡོམ་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། དེ་ནི་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་དང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པ་མ་ཟད། འཛམ་གླིང་ལ་ཀྲུང་གོས་སྲུང་སྐྱོང་རིང་ལུགས་ཀྱི་རླུང་རླབས་ལ་མི་སྐྲག་པར་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ཆོད་སེམས་བརྟན་པོའང་མཚོན་ཡོད།

    ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་སྐུལ་འདེད་བཏང་གནང་བའི་དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེའི་འཐབ་ཇུས་བྱེད་ཐབས་གལ་ཆེན་ཞིག་རེད། ལོ་བདུན་རིང་། གཞི་ཁྱོན་ཧ་ཅང་ཆེ་བའི་རྒྱལ་ནང་གི་ཁྲོམ་རའི་རྒྱབ་རྟེན་དང་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་ལ་འབྲེལ་མཐུད་བྱས་པར་བརྟེན། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་གཞི་ཁྱོན་ངེས་ཅན་ཆགས་ནས་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་མངོན་ཏེ་ས་ཁུལ་དང་གོ་ལ་ཧྲིལ་པོའི་ཁེ་ལས་དེ་བས་མང་བ་མ་འཇོག་དང་ལས་གཉེར་བྱེད་པར་ཡོང་བའི་ཡིད་དབང་འགུག་བཞིན་ཡོད་པས། སྒོ་དབྱེ་དང་འབད་འབུངས་ཀྱི་རྣམ་པ་གསར་རྐྱང་ཞིག་མངོན་ཡོད། དུས་རབས་གསར་པའི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་མིང་བྱང་ཞིག་ཡིན་པའི་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་ནི་ཀྲུང་གོའི་ལམ་ལུགས་རྣམ་པའི་སྒོ་དབྱེའི་མདུན་གྲལ་གསར་པ་དང་། ས་ཁུལ་གྱི་གཉིས་ཕན་མཉམ་ལས་ཀྱི་མཐོ་ས་གསར་པ། དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ་བཅས་སུ་གྱུར་ནས་ཀྲུང་གོ་དང་འཛམ་གླིང་དབར་གོ་སྐབས་མཉམ་སྤྱོད་དང་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་སྒོ་དབྱེའི་བློ་རྒྱ་གང་ལེགས་མངོན་ཡོད།

    ཁྲལ་སྡོམ་ནི་གླིང་ཕྲན་བཀག་སྡོམ་བྱས་པ་ཞིག་མ་ཡིན་པར། སྒོ་དབྱེ་སྔར་བས་རྒྱ་ཆེར་གཏོང་དགོས་པ་ཞིག་རེད། “སྒོ་ཁྲལ་མེད་པའི”ཚོང་ཟོག་གི་དཔྱ་ཁྲལ་རྣམ་གྲངས་ཁག་6600ཙམ་བར་མང་དུ་བཏང་བ་དེས་ཚོང་ཟོག་གི་དཔྱ་ཁྲལ་རྣམ་གྲངས་ཡོངས་ཀྱི་བསྡུར་ཚད་ཀྱི་74%བཟུང་བས། ཁྲལ་སྡོམ་མ་བྱས་གོང་ལས་བརྒྱ་ཆའི་གྲངས་53ཙམ་མཐོ་རུ་ཕྱིན་ཡོད། “སྒོ་ཁྲལ་མེད་པའི”དངོས་ཟོག་དང་ཚོང་དོན་དོ་དམ་བྱེད་ཐབས་ལྷུག་ཏུ་བཏང་བའི་དངོས་ཟོག་སོགས་ལ་ཐེ་གཏོགས་ཉུང་ཙམ་དང་ལས་ཕྱོད་ཆེ་བའི་ལྟ་འདོམས་གནད་འཁེལ་བྱས་ཡོད། ཧའེ་ནན་རང་མོས་ཚོང་དོན་གྲུ་ཁའི་གླིང་ཕྲན་ཡོངས་ཀྱི་ཁྲལ་སྡོམ་འཁོར་རྒྱུག་ལ“‘རྒྱལ་མཚམས་ཐིག’ལྷུག་ཏུ་གཏོང་བ་དང་། ‘རང་མོས་ཚོང་དོན་གྲུ་ཁ་དང་རྒྱལ་ནང་གི་ས་ཁོངས་གཞན་དག་དབར་གྱི་བགོས་ཐིག’ལ་དོ་དམ་བྱེད་པ་དང་། གླིང་ཕྲན་ནང་ཁུལ་གྱི་རང་དབང”གཞི་རྩའི་ཁྱད་ཆོས་ཡིན་པའི་རང་མོས་དང་སྟབས་བདེ་ཅན་གྱི་སྲིད་ཇུས་ལམ་ལུགས་ལག་བསྟར་བྱ་རྒྱུ་ཡིན་ཞིང་། དེའི་ནང་དེ་བས་གཟིགས་སྐྱོང་བྱས་པའི་དངོས་ཟོག་གི“སྒོ་ཁྲལ་མེད་པའི”སྲིད་ཇུས་དང་། དེ་བས་ལྷུག་ཏུ་བཏང་བའི་ཉོ་ཚོང་དོ་དམ་བྱ་ཐབས། དེ་བས་སྟབས་བདེ་བའི་འགྲོ་སྐྱོད་བྱ་ཐབས། དེ་བས་ལས་ཕྱོད་ཆེ་ཞིང་གནད་ལ་འཁེལ་བའི་ལྟ་འདོམས་བྱེད་སྟངས་བཅས་ཚུད་ཡོད། ཁྲལ་སྡོམ་སྲིད་ཇུས་གྲ་སྒྲིག་ཨང་བསར་བྱས་པ་དང་མཉེན་ཆས་དང་མཁྲེགས་ཆས་ཀྱི་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ་དང་ཆབས་ཅིག་རྒྱལ་སྤྱི་དང་འབྲེལ་མཐུད་དང་གསོན་ཤུགས་འཕེལ་བའི་དེང་རབས་ཅན་གྱི་སྒོ་དབྱེའི་མཐོ་ས་ཞིག་མགྱོགས་མྱུར་འབུར་དུ་ཐོན་རྒྱུ་ཡིན་པས། དེས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྒུལ་ཤུགས་གསར་པ་སྣོན་རྒྱུ་དང་། ཀྲུང་གོའི་ཆུ་ཚད་སྔར་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་ཚད་ཤིང་གསར་པ་འཛུགས་རྒྱུ་རེད།

    མིག་སྔར། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཐོན་ནས་དཔལ་འབྱོར་གོ་ལ་ཅན་ལ་འགོག་རྐྱེན་བཟོས་ཏེ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ངེས་གཏན་མེད་པའི་རང་བཞིན་སྔར་བས་མང་བ་འཕྲད་ཡོད། འགག་རྩའི་དུས་སྐབས་འདི་འདྲ་ཞིག་ཏུ་དེ་བས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་དགོས། 2013ལོའི་ཟླ་9པར་རང་མོས་ཚོང་དོན་ཚོད་ལྟ་ཁུལ་དང་པོ་སྟེ་ཧྲང་ཧའེ་རང་མོས་ཚོང་དོན་ཚོད་ལྟ་ཁུལ་བཙུགས་ཚུན། ཀྲུང་གོས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་དང་རང་མོས་ཚོང་དོན་གྲུ་ཁ་འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་ལམ་ལུགས་ཀྱི་འགོག་རྐྱེན་མེད་པར་བཟོས་པ་དང་། ཚོང་དོན་གྱི་མ་གནས་དམའ་རུ་བཏང་བ། རྒྱུ་རྐྱེན་གཙོ་བོའི་རྒྱུན་འཁོར་སྤྱོད་འགོ་བཙུགས་ཏེ། ལམ་ལུགས་རྣམ་པའི་སྒོ་དབྱེ་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ནས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཁག་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་སྒུལ་ཤུགས་གསར་པ་བསྣན་ནས་གོ་སྐབས་གསར་པ་བཏོད་ཡོད། ཀྲུང་གོས་ཕྱི་དངུལ་ཆོག་འཐུས་ཀྱི་བཀག་རྒྱ་གསལ་ཐོ་རྒྱུན་ཆད་མེད་པར་ཉུང་དུ་བཏང་བ་དང་གོ་ལ་ཧྲིལ་པོར་ཁ་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཚོང་དོན་ཁུལ་གྱི་དྲ་རྒྱ་མུ་མཐུད་རྒྱ་སྐྱེད་བཏང་ནས་སྒོ་དབྱེའི་རྒྱ་ཆེ་ཚད་དང་། ཤུགས་ཆེ་ཚད། གཏིང་ཟབ་ཚད་བཅས་མུ་མཐུད་ཆེ་རུ་བཏང་བས། འཛམ་གླིང་ལ་སྒྱུར་བཅོས་སྒོ་དབྱེའི་ཕན་པ་རྒྱུན་ཆད་མེད་པར་ཐོབ་བཞིན་ཡོད། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་དེ་གནས་སྐབས་ཀྱི་བྱེད་ཐབས་ཤིག་གཏན་ནས་མིན་པར་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་པ་དང་འཕེལ་རྒྱས་ཀྱི་རང་འགུལ་ཁོང་དུ་ཆུད་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་པ་ལག་ལེན་ཐོག་ནས་ར་སྤྲོད་བྱས་ཡོད། ཀྲུང་གོ་ནི་སྔོན་ཆད་དང་། ད་ལྟ། འབྱུང་འགྱུར་བཅས་ཚང་མ་ཕྱི་རྒྱལ་ཚོང་པའི་ཕུགས་བསམ་དང་། བདེ་འཇགས། བྱས་རྗེས་ཐོན་པའི་མ་འཇོག་བྱ་ཡུལ་ཡིན་ངེས་རེད།

    ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་གཞི་ཁྱོན་ངེས་ཅན་ཆགས་ནས་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེན་པོ་ལྡན་པ་དེ་ནི་ཀྲུང་གོའི་སྒོ་དབྱེའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། འབྱུང་འགྱུར་ལ་ཁ་ཕྱོགས་སྐབས། ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།