ལོ་སྟོད་དུ་རང་རྒྱལ་གྱི་དངུལ་ཁང་མིན་པའི་སྡེ་ཚན་གྱི་རྒྱལ་སྒྲོལ་གཏོང་ཡོང་གཞི་ཁྱོན་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་ཁེ་ལས་དང་མི་སྒེར་སོགས་དངུལ་ཁང་མིན་པའི་སྡེ་ཚན་གྱི་རྒྱལ་སྒྲོལ་ཡོང་འབབ་དང་གཏོང་སྒོ་ཁྱོན་བསྡོམས་ཨ་སྒོར་དུང་ཕྱུར་ཁྲི་7.6ཟིན་པ་དེ་དུས་མཚུངས་ལས་10.4%འཕར་ནས་གཞི་ཁྱོན་ཐད་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཅིང་། དེའི་ནང་མི་དམངས་ཤོག་སྒོར་གྱིས་རྒྱལ་སྒྲོལ་གཏོང་ཡོང་ཁྲོད་53%བཟུང་ཡོད།
རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་གསར་འགྱུར་མགྲིན་ཚབ་པ་ལི་པིན་གྱིས། “རང་རྒྱལ་གྱི་རྒྱལ་སྒྲོལ་ཚོང་དོན་དང་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་བྱེད་སྒོ་མུ་མཐུད་འཁྲུག་ཏུ་འགྲོ་བཞིན་ཡོད། ཡོང་འབབ་དང་འགྲོ་སོང་གི་ཧེ་བག་ནས་བལྟས་ན། རྒྱལ་སྒྲོལ་མ་དངུལ་ནང་རྒྱུག་ཁེ་གཙང་ཨ་སྒོར་དུང་ཕྱུར་1273ཟིན་པ་དེ་ན་ནིང་ལོ་སྨད་ཚུན་གྱི་ནང་རྒྱུག་ཁེ་གཙང་གི་རྣམ་པ་རྒྱུན་མཐུད་བྱས་ཡོད། དེའི་ནང་དུས་ཚིགས་གཉིས་པར་ནང་རྒྱུག་ཁེ་གཙང་བྱེད་ཚད་ཟླ་བ་གོང་མ་ལས་46%འཕར་ཡོད”ཅེས་བཤད།
གྲངས་གཞིར་བལྟས་ན། ལོ་སྟོད་དུ་མངའ་ཁོངས་ནང་གི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་ཁྲོམ་རའི་ཉོ་ཚོང་བྱེད་ཚད་ཁྱོན་བསྡོམས་ཨ་སྒོར་དུང་ཕྱུར་ཁྲི་21ཟིན་ནས་དུས་མཚུངས་ལས་10.2%འཕར་ཡོད། དེའི་ནང་སྐབས་འཕྲལ་དང་མཆེད་རྫས་ཀྱི་ཉོ་ཚོང་གྲངས་འབོར་ཨ་སྒོར་དུང་ཕྱུར་ཁྲི་7.4དང་དུང་ཕྱུར་ཁྲི་13.6སོ་སོར་ཟིན་པ་དེས་35%དང་65%སོ་སོར་བཟུང་ཡོད། དུས་མཚུངས་མི་དམངས་ཤོག་སྒོར་ཨ་སྒོར་ལ་བརྗེ་བའི་འཛའ་ཐང་1.9%འཕར་བ་དང་། ལོ་སྟོད་དུ་མི་དམངས་ཤོག་སྒོར་ཨ་སྒོར་ལ་བརྗེ་བའི་འཛའ་ཐང་ལུགས་མཐུན་དང་དོ་མཉམ་གྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་པོ་བྱུང་ཡོད་ལ། གཞི་ཆེའི་དཔལ་འབྱོར་དང་རྒྱལ་སྤྱིའི་གཏོང་ཡོང་སྙོམས་སྒྲིག་བྱེད་པའི་རང་འགུལ་བརྟན་ལྷིང་ཡོ་བྱད་ཀྱི་ནུས་པའང་ཐོན་ཡོད།
འབྲེལ་ཡོད་གསར་འགྱུར།