དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • དབྱར་གྱི་སྒེག་མོ་ཕེབས། དབྱར་སྐྱིད་གླིང་ཁར་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-07-26

    འདི་ནི་མང་ཚོགས་ཚོ་ནོར་བུ་གླིང་ཁར་གླིང་ཁ་གཏོང་བཞིན་པ།

    འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་གླིང་ཁ་ཞིག་གི་མཛེས་ལྗོངས་ཡིན་པ།

    འདི་ནི་མང་ཚོགས་ཚོ་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོའི་ཁམ་སྡོང་གི་འོག་ཏུ་གླིང་ཁ་གཏོང་བཞིན་པ།

    འདི་ནི་མང་ཚོགས་ཚོ་ནོར་བུ་གླིང་ཁར་གླིང་ཁ་གཏོང་བཞིན་པ།

    འདི་ནི་མང་ཚོགས་ཚོ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་པད་སྟེང་གྲོང་ཚོའི་གླིང་ཁར་སྒོར་གཞས་འཁྲབ་བཞིན་པ།

    འདི་ནི་གླིང་ཁ་གཏོང་བར་འཁྱེར་བའི་ཞིམ་ཟས་ཡིན་པ།

    འདི་ནི་མང་ཚོགས་ཚོ་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་པད་སྟེང་གྲོང་ཚོའི་གླིང་ཁར་ཆུ་རྩེད་རྩེ་བཞིན་པ།

    བོད་ཟླ་4པ་ནས་8པའི་བར་ནི་ས་མཐོའི་ལོ་གཅིག་ནང་གི་དུས་ཚིགས་ཡག་ཤོས་ཡིན་ཞིང་། ནམ་དུས་འདིར་གནམ་གཤིས་ཚ་གྲང་སྙོམས་ལ་ཡུལ་ལྗོངས་ཤིན་ཏུ་མཛེས་པས་ན་མི་རྣམས་གླིང་ཁར་མཉམ་དུ་འཛོམས་ནས་མཛེས་པའི་དབྱར་དུས་ལོངས་སུ་སྤྱོད་ཀྱི་ཡོད།

    དབྱར་ཁ་དང་སྟོན་ཁའི་རིང་ས་མཐོའི་མི་རྣམས་གཟའ་མཇུག་ཤར་རིམ་བཞིན་རྟག་ཏུ་ཁྱིམ་ནས་ཐོན་ཏེ་གླིང་ཁ་གཏོང་བར་བསྐྱོད་ནས་རང་བྱུང་ཁམས་དང་ཉེ་བར་བཅར་གྱི་ཡོད། ས་མཐོར་ཡུན་རིང་འཚོ་བའི་མི་རྣམས་ལ་མཚོན་ན། སྐྱིད་སྣང་དོད་པའི་དུས་སྐབས་དེ་འདྲ་ཞིག་ལོངས་སུ་སྤྱོད་རྒྱུ་བྱུང་བ་ནི་ལུས་སེམས་གཉིས་ཀར་ནུས་ཤུགས་འདང་ངེས་བསགས་ནས་དུས་ཡུན་རིང་བའི་དགུན་དུས་བསུ་རྒྱུའི་གྲབས་བྱེད་པ་ལྟར་སྣང་། གཉེན་ཉེ་སྤུན་གྲོགས་རྣམས་དགའ་དགའ་སྤྲོ་སྤྲོའི་ངང་འཛོམས་ཤིང་། ས་སྐྱིད་ས་དང་ཆུ་དྭངས་ས་ཞིག་བཙལ་ནས་གུར་ཕུབ་ཏེ་ཁྱིམ་ནས་འཁྱེར་བའི་ཞིམ་ཟས་སྣ་ཚོགས་བཟས་ནས་དགའ་སྐྱིད་གླིང་ཁར་རོལ་བཞིན་མཆིས།

    གླིང་ཁ་ཟེར་བ་དེ་བོད་མི་རིགས་ཀྱི་དལ་དལ་ལྷོད་ལྷོད་ཀྱི་འཚོ་བའི་གོམས་གཤིས་ཀྱི་སྒོ་མོ་འབྱེད་པའི་སྡེ་མིག་ལྟ་བུ་ཞིག་རེད་འདུག

    ཉེ་བའི་ལོ་ཤས་རིང་བོད་དུ་རང་རང་སོ་སོའི་ཁྱད་ཆོས་སྣ་ཚོགས་ལྡན་པའི་གླིང་ཁ་གཏོང་ས་མང་པོ་ཐོན་པ་མ་ཟད། ཞབས་འདེགས་ཞུ་སྟངས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། གླིང་ཁ་གཏོང་སྟངས་ཀྱང་སྣ་མང་ཕུན་སུམ་ཚོགས་སུ་འགྲོ་བཞིན་ཡོད་པ་སྟེ། ལྷ་མོ་འཁྲབ་པ་དང་། སྒོར་གཞས་རྒྱག་པ། ཤིང་འབྲས་འཐོག་པ། གྲུ་གཟིངས་གཏོང་བ། ལུས་སྦྱོང་བྱེད་པ་ལ་སོགས་ཡོད། གླིང་ཁ་གཏོང་བར་བསྐྱོད་ན་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་མཛེས་པ་ལོངས་སུ་སྤྱོད་ཐུབ་ལ། འཚོ་བའི་སྤུས་ཚད་ཀྱང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཐུབ།

    གླིང་ཁ་གཏོང་བཞིན་པའི་ལྷ་སའི་གྲོང་མི་ཉི་སྒྲོལ་གྱིས་གསར་འགོད་པར“ང་ཚོས་ཁྱིམ་ནས་རྐུབ་སྟེགས་དང་། ལྟོ་ཆས། ཇ་ཆང་བཅས་འཁྱེར་ཡོད། གཙང་འགྲམ་དུ་གུར་ཕུབ་ཏེ་ཇ་བསྲུབས་མ་དང་ཇ་མངར་མོ་འཐུང་བའི་ཞོར་དུ་ཤང་ཤང་དུ་རྒྱུག་པའི་ཆུ་མོ་དང་གནམ་སྔོན་སྤྲིན་དཀར་ལ་བལྟས་ནས་བསྡད་ན་དངོས་འབྲེལ་སྐྱིད་པོ་འདུག”ཅེས་བཤད།

    ཉིན་དགུང་ཡོལ་རྗེས་ཉི་འོད་རིམ་བཞིན་ཆུང་དུ་འགྲོ་བའི་སྐབས་སུ། གླིང་ཁ་གཏོང་མཁན་རྣམས་ཀྱིས་མ་གྲོས་གཅིག་མཐུན་ངང་སྒོར་སྒོར་བྱས་ནས་ཞབས་བྲོ་འཁྲབ་པས། གླིང་ཁ་ཡོངས་སུ་སྐྱིད་སྣང་དོད་པའི་གཞས་དང་ཞབས་བྲོའི་གླུ་སྒྲས་ཁེངས། དེ་ལས་མི་དང་མིའི་དབར་གྱི་བར་ཐག་ཐུང་དུ་སོང་ལ། ཆ་རྒྱུས་མེད་པའང་ཆ་རྒྱུས་ཡོད་པར་གྱུར་ནས་དུས་བདེ་ལྷིང་འཇགས་ཀྱི་དགའ་བདེའི་འཚོ་བར་རོལ།

    ད་ལྟ་ནི་ལོ་གཅིག་ནང་གི་ས་མཐོའི་ཆེས་མཛེས་ཤོས་ཀྱི་དབྱར་དུས་ཡིན་ཞིང་། ཉི་འོད་རབ་ཏུ་འཚེར་བ་དང་། རྩྭ་རྩི་ཤིང་ལ་སྔོ་མདངས་རྒྱས་པ། ཤིང་འབྲས་ཀྱི་དྲི་ཞིམ་འཐུལ་བ་བཅས་ཀྱི་དུས་དེར་གླིང་ཁ་གཏོང་བར་འགྲོ་མཁན་མང་ཤོས་རེད། གཟའ་མཇུག་དང་དུས་ཆེན་འཆར་རིམ་བཞིན་མི་རྣམས་ཀྱིས་ལྕང་གླིང་དང་། ཆུ་ཕྲན། སྤང་ལྗོངས་བཅས་ནས་གནས་སྐྱིད་པོ་ཞིག་བཙལ་ཏེ་གླིང་ཁར་རོལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།