དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐཱ་དང་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-07-26

    ཟླ་7ཚེས་24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་ཉེར་ལྔ་པར་ཞུགས་མཁན་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐཱ་དང་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་ཉེར་ལྔ་པར་ཞུགས་མཁན་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོ་སི་ཐཱ་དང་ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཡོ་རོབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50སོང་རིང་། སྤེལ་རེས་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་ཕན་ཚུན་གཉིས་ཀར་འབྲས་བུ་ཐོབ་ཡོད་ལ། འཛམ་གླིང་ལའང་ཕན་པ་ཐོབ་ཡོད། དེའི་ཁྲོད་ཀྱི་ཉམས་མྱོང་དང་བློ་སྒོ་གལ་ཆེན་བྱུང་བ་ཞིག་ནི་ཕན་ཚུན་བརྩི་འཇོག་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག སྒོ་དབྱེ་མཉམ་ལས། གཉིས་ཁེ་གཉིས་ཕན་བཅས་བྱ་རྒྱུ་དེ་རེད་ལ། དེ་ནི་ཀྲུང་གོ་དང་ཡོ་རོབ་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་ཡོང་བར་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པའི་རྩ་དོན་གལ་ཆེན་དང་འབད་འཐབ་ཀྱི་ཁ་ཕྱོགས་ཀྱང་རེད། ད་ལོ་ནི་ཀྲུང་གོ་དང་ཡོ་རོབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་80འཁོར་བའི་ལོ་ཞིག་ཡིན་པས། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སླར་ཡང་འགག་རྩའི་ལོ་རྒྱུས་ཀྱི་མཚམས་ཚིགས་སུ་གནས་ཡོད། ཀྲུང་གོ་དང་ཡོ་རོབ་ནི་ཕྱོགས་མང་རིང་ལུགས་ཀྱི་འདོད་ཚུལ་འཛིན་མཁན་དང་སྒོ་དབྱེ་མཉམ་ལས་དར་སྤེལ་གཏོང་མཁན་གྱི་དགེ་མཚན་ལྡན་པའི་སྟོབས་ཤུགས་ཡིན་པས། རྒྱལ་སྤྱིའི་དུས་བབ་ཇི་ཙམ་ཛ་དྲག་དང་རྙོག་འཛིང་ཆེ་ན། ཀྲུང་གོ་དང་ཡོ་རོབ་ཀྱིས་དེ་ཙམ་གྱིས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ། མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་འབྱུང་བཞིན་པ་དང་འགྱུར་ལྡོག་དང་ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ཀྲུང་གོ་དང་ཡོ་རོབ་ཀྱི་འགོ་ཁྲིད་ཀྱིས་མིག་རྒྱང་རིང་པོ་དང་འགན་འཁྲི་སླར་ཡང་མངོན་པར་བྱས་ཏེ་མི་དམངས་ཀྱི་རེ་སྒུག་དང་མཐུན་ལ་ལོ་རྒྱུས་ཞིབ་བཤེར་གྱི་ཉམས་སད་ཐེག་ཐུབ་པའི་འཐབ་ཇུས་གདམ་ག་བྱེད་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ། ཀྲུང་གོ་དང་ཡོ་རོབ་འབྲེལ་བའི་དེ་བས་འོད་སྟོང་འབར་བའི་ལོ་50རྗེས་མ་ཧུར་ཐག་གཏོད་པ་བཅས་བྱས་ནས་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་མཁོ་འདོན་བྱེད་དགོས།

    ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་འབྲེལ་བའི་འབྱུང་འགྱུར་འཕེལ་རྒྱས་སྐོར་ལ་འདོད་ཚུལ་གསུམ་བཏོན་གནང་བ་སྟེ། གཅིག་ནི་ཕན་ཚུན་བརྩི་འཇོག་མཐའ་འཁྱོངས་བྱས་ནས་རོགས་ཟླའི་འབྲེལ་བའི་ངེས་གནས་བརྟན་དུ་གཏོང་དགོས། ཀྲུང་གོ་ནི་ཞི་བདེར་དགའ་ཞེན་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་ཞིང་། འཆམ་མཐུན་དང་། བསྟུན་མཁས། མཉམ་ལས། གཉིས་ཕན་བཅས་ཀྱི་འདོད་ཚུལ་འཛིན་གྱི་ཡོད། གལ་ཏེ་ནུབ་ཕྱོགས་ཀྱིས་བསྐྱོད་ཟིན་པའི་འགྲོ་ལམ་ལ་བརྟེན་ནས་ཀྲུང་གོར་ལྟ་སྟངས་འཛིན་ན། ཀྲུང་གོ་ཤེས་རྟོགས་བྱེད་པར་ནོར་འཛོལ་ཡོང་སྲིད། ཀྲུང་གོ་དང་ཡོ་རོབ་ཀྱི་ལོ་རྒྱུས་རིག་གནས་དང་། འགྲོ་ལམ་ལམ་ལུགས། འཕེལ་རྒྱས་དུས་མཚམས་བཅས་གཏན་ནས་འདྲ་གི་མེད། ཡིན་ནའང་ཧེ་བག་དེ་རིགས་སྔོན་ཆད་ཀྲུང་གོ་དང་ཡོ་རོབ་དབར་ཕྱི་འབྲེལ་འཛུགས་པ་དང་འབྲེལ་བ་འཕེལ་རྒྱས་གཏོང་བའི་འགོག་རྐྱེན་དུ་འགྱུར་མེད་ལ། སླད་ཕྱིན་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཡང་འགོག་རྐྱེན་ཞིག་ཏུ་འགྱུར་མི་རུང་། མིག་སྔར་ཡོ་རོབ་ལ་འཕྲད་པའི་འགྲན་སློང་ནི་ཀྲུང་གོ་ནས་བྱུང་བ་ཞིག་མིན།

    ཀྲུང་གོ་དང་ཡོ་རོབ་དབར་ཁེ་གྱོང་གི་གདོང་ཐུག་དང་ས་འབྲེལ་ཆབ་སྲིད་ཀྱི་རྩ་བའི་འགལ་བ་མེད་པ་དང་། མཉམ་ལས་འགྲན་རྩོད་ལས་གལ་ཆེ་བ་དང་ཐུན་མོང་ངོས་འཛིན་མི་མཐུན་པའི་ཆ་ལས་མང་བའི་གཞི་རྩ་དེ་དང་རྩ་བའི་དགོངས་གཞིར་འགྱུར་ལྡོག་བྱུང་མེད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ལྟ་ཕྱོགས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་བ་མ་ཟད། སྣེ་མང་འཛམ་གླིང་ཁྲོད་ཡོ་རོབ་སྣེ་གལ་ཆེན་དུ་བརྩི་བ་དང་ཡོ་རོབ་གཞི་གཅིག་ཅན་དང་ཡོ་རོབ་མནའ་འབྲེལ་གྱི་འཐབ་ཇུས་རང་བདག་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཡོ་རོབ་ཕྱོགས་ཀྱིས་ཀྱང་ཀྲུང་གོའི་མི་དམངས་ཀྱིས་གདམ་ག་བྱས་པའི་འགྲོ་ལམ་དང་ལམ་ལུགས་ལ་བརྩི་འཇོག་དང་། ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག ཀྲུང་གོའི་འཕེལ་རྒྱས་དང་དར་རྒྱས་ལ་རྒྱབ་སྐྱོར་བཅས་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་དེ་ཕྱོགས་གསུམ་པར་མི་དམིགས་པ་དང་མི་བརྟེན་ལ། ཕྱོགས་གསུམ་པའི་ཚོད་འཛིན་ཡང་ཕོག་མི་སྲིད། ཕྱོགས་གཉིས་པོས་འཐབ་ཇུས་འབྲེལ་གཏུག་ཟབ་ཏུ་གཏོང་བ་དང་། བསམ་ཤེས་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། ཡང་དག་པའི་ཕན་ཚུན་ངེས་ཤེས་བྱེད་ལམ་འཛུགས་པ་བཅས་བྱེད་དགོས།

    གཉིས། སྒོ་དབྱེ་མཉམ་ལས་མཐའ་འཁྱོངས་བྱས་ནས་ཕྱོགས་འགལ་དང་རྩོད་གཞི་འོས་འཚམ་སེལ་དགོས། ཕན་ཚུན་བརྟེན་པ་ནི་ཉེན་ཁ་ཞིག་མིན་པ་དང་། ཁེ་ཕན་མཉམ་འདྲེས་བྱེད་པ་ནི་འཇིགས་སྐུལ་ཞིག་མིན་པ། འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་ཐད“འགོག་རག་རྩིག་པར”མི་བརྟེན་པ། འབྲེལ་ཐག་བཅད་ན་གྲོགས་མེད་ཁེར་རྐྱང་དུ་ལུས་ངེས་ཡིན་པ་བཅས་ལོ་རྒྱུས་དང་ལག་ལེན་ལས་ར་འཕྲོད་ཡོད། གཞན་ལ་བརྟེན་ཉུང་དུ་གཏོང་བ་ལས་མཉམ་ལས་ཇེ་ཉུང་དུ་གཏོང་མི་རུང་། ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ངོ་བོ་ནི་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་ཞིག་ཡིན་པས། འཕེལ་རྒྱས་ཁྲོད་སྟབས་བསྟུན་དོ་སྙོམས་རྦད་དེ་མངོན་འགྱུར་ཡོང་ཐུབ། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེས་ཀྲུང་གོ་དང་ཡོ་རོབ་མཉམ་ལས་ལ་གོ་སྐབས་གསར་པ་མཁོ་འདོན་དང་བར་མཐོངས་གསར་པ་རྒྱ་སྐྱེད་གཏོང་ཐུབ། ཀྲུང་གོ་དང་ཡོ་རོབ་ཀྱིས་ལྗང་མདོག་དང་གྲངས་འཛིན་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་ནས་ཕན་ཚུན་དབར་གྱི་མ་འཇོག་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཡོ་རོབ་ཕྱོགས་ཀྱིས་ཚོང་དོན་དང་མ་འཇོག་ཁྲོམ་ར་སྒོ་མོ་འབྱེད་རྒྱུ་རྒྱུན་འཁྱོངས་དང་ཚོད་འཛིན་རང་བཞིན་གྱི་དཔལ་འབྱོར་ཚོང་དོན་བྱེད་ཐབས་སྤྱོད་རྒྱུ་ཚོད་འཛིན་བྱས་ནས་ཀྲུང་གོའི་ཁེ་ལས་ཡོ་རོབ་ཏུ་མ་འཇོག་ལས་དར་གྱི་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད།

    གསུམ། ཕྱོགས་མང་རིང་ལུགས་ལག་ལེན་བསྟར་ནས་རྒྱལ་སྤྱིའི་སྒྲིག་སྲོལ་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་དགོས། དམག་འཁྲུག་དང་ཞི་བདེ་དང་། འགྲན་རྩོད་དང་མཉམ་ལས། བཀག་སྡོམ་དང་སྒོ་དབྱེ་བཅས་ཀྱི་གདམ་ག་གལ་ཆེན་གྱི་མདུན་དུ་ཕྱོགས་མང་རིང་ལུགས་དང་མཐུན་སྒྲིལ་མཉམ་ལས་བྱ་རྒྱུ་ནི་ཡང་དག་པའི་ལམ་བུ་རེད། ཀྲུང་གོ་དང་ཡོ་རོབ་ཀྱིས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་རྗེས་བཙུགས་པའི་རྒྱལ་སྤྱིའི་སྒྲིག་སྲོལ་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་མཉམ་དུ་སྲུང་སྐྱོང་བྱེད་པ་དང་། དུས་བསྟུན་མདུན་སྐྱོད་བྱས་ནས་དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ། ལག་གདང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ནས་ཕྱོགས་མང་རིང་ལུགས་ཀྱི་དཔལ་འབར་གྱིས་མིའི་རིགས་ཀྱི་མདུན་སྐྱོད་འགྲོ་ལམ་གསལ་བར་བྱེད་དགོས། ཀྲུང་གོ་དང་ཡོ་རོབ་ཀྱིས་ཆབ་སྲིད་ཀྱི་བྱེད་ཐབས་བརྒྱུད་རྒྱལ་སྤྱིའི་རྩོད་གཞི་ཞི་བས་སེལ་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་གནད་དོན་དེ་རང་གི་བདེན་རྫུན་དྲང་འཁྱོག་ལ་གཞིགས་ནས་བར་འདུམ་མཐུན་འཇུག་གི་འདོད་ཚུལ་འཛིན་པ་དང་རྩ་ལག་མཉམ་བཅོས་དར་སྤེལ་གཏོང་གི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ཕྱོགས་དང་མཉམ་དུ་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ད་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་པེ་ལུན་ཚོགས་ཆེན་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་སྟེ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་གོ་ལ་ཧྲིལ་པོའི་ལྗང་མདོག་ཕྱོགས་སྒྱུར་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཡོ་རོབ་ཕྱོགས་དང་མཉམ་དུ་མི་ཐབས་རིག་ནུས་ཁྱབ་ཁོངས་ཀྱི་སྲིད་ཇུས་འབྲེལ་གཏུག་དང་དངོས་གཉེར་མཉམ་ལས་བྱས་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།

    ཡོ་རོབ་ཕྱོགས་ཀྱིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་སྐོར་གྱི་འདོད་ཚུལ་གསུམ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་50སོང་རིང་། ཡོ་རོབ་དང་ཀྲུང་གོས་ཁྱབ་ཁོངས་གང་སར་མཉམ་ལས་བྱས་ཏེ་གཞི་ཁྱོན་དང་གཏིང་ཟབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་བར་བརྟེན། ཕན་ཚུན་མཉམ་ལས་གལ་ཆེན་དང་ཚོང་དོན་རོགས་ཟླར་གྱུར་ནས་རང་ངོས་ཀྱི་དཔལ་འབྱོར་དར་རྒྱས་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་རྒྱུར་རམ་འདེགས་ཐུབ་ཡོད། ཀྲུང་གོ་བཟོ་སྐྲུན་ལས་རིགས་དང་ཚན་རྩལ་རྒྱལ་ཁབ་ཆེན་པོར་གྱུར་ནས་མི་དུང་ཕྱུར་མང་པོ་དབུལ་སྒྲོལ་ཐུབ་པ་དང་། ཀྲུང་གོའི་འཕེལ་རྒྱས་ལ་གོ་ལ་ཧྲིལ་པོར་ཧང་སངས་བ་དང་འཛམ་གླིང་ལའང་བློ་སྒོ་གལ་ཆེན་ཕྱེ་ཡོད། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོར་འཕེལ་རྒྱས་དེ་བས་ཆེན་པོ་ཡོང་རྒྱུའི་ཡིད་ཆེས་ཡོད་ལ་རྒྱབ་སྐྱོར་ཡང་བྱ་རྒྱུ་ཡིན། ཡོ་རོབ་མནའ་འབྲེལ་དང་ཀྲུང་གོ་ནི་འཛམ་གླིང་ཐོག་གི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་དང་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་དེ་ཕྱོགས་གཉིས་པོ་དང་འཛམ་གླིང་གི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། ཡོ་རོབ་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་གཞོལ་ནས་དགེ་མཚན་ལྡན་པའི་སྒོ་ནས་མི་མཐུན་པའི་ཆ་ཐག་གཅོད་བྱས་ཏེ་དོ་སྙོམས་དང་། འདྲ་མཚུངས། གཉིས་ཕན་བཅས་ཀྱི་རྨང་གཞིའི་ཐོག་ཕྱོགས་གཉིས་པོའི་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་དེ་བས་མང་པོ་མུ་མཐུད་ཐོབ་རྒྱུར་སྐུལ་འདེད་གཏོང་གི་ཡིན། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོར་འབྲེལ་ཐག་གཅོད་པའི་བྱེད་ཐབས་མི་སྤྱོད་པར་ཀྲུང་གོའི་ཁེ་ལས་ཡོ་རོབ་ཏུ་མ་འཇོག་ལས་དར་བྱ་རྒྱུར་དགའ་བསུ་ཞུ་གི་ཡིན། ཡོ་ལང་དང་བདེ་འཇགས་མེད་པ་དང་གཏན་འཁེལ་རང་བཞིན་མེད་པའི་འཛམ་གླིང་གི་མདུན་དུ་ཡོ་རོབ་དང་ཀྲུང་གོས་འགན་འཁྲི་ཁུར་ཏེ་ཕྱོགས་མང་རིང་ལུགས་མཉམ་དུ་མཐའ་འཁྱོངས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་སྲུང་སྐྱོང་། ལག་གདང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ། ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་རྗེས་མའི་ལོ་50ཡི་ནང་དེ་བས་ངོ་མཚར་ཆེ་བའི་ལེའུ་མུ་མཐུད་རྩོམ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།

    ཝང་དབྱི་མཇལ་འཛོམས་ནང་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།