དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ནག་ཆུའི་འོ་མ་དེང་དགེའི་རླུང་གློག་ཐང་དུ་བཅར་འདྲིར་བསྐྱོད་པ།

    འཛམ་གླིང་ཡང་རྩེར་རླུང་གློག་ཕུགས་འདུན་དོན་གཉེར་བྱེད་མཁན་གྱི་ན་གཞོན་ཞིག

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལུའེ་ཅིའུ་ཧའེ། ཤན་ཀན། ཨན་པོ་ཝུན།   |     སྤེལ་དུས།  2025-07-25

    བོད་བྱང་ཐང་གི་ས་བབ་མཐོ་ཚད་སྨི་4650ཡི་སར“རླུང་འཁོར་ཆེན་པོའི”ནང་གི་འཛེགས་འབེབས་འཕྲུལ་སྐས་བསྡད་རྗེས་སླར་ཡང་མཐོ་ཚད་སྨི་20ཙམ་ཡོད་པའི་སྐས་ཀ་འཛེགས་སྐབས། འོ་མ་དེང་དགེའི་རླུང་གློག་ཐང་གི་བདག་སྐྱོང་བ་ཁྲང་ཅན་རུའེ་ཡིས་ངལ་གསོ་ཡག་པོ་ཞིག་བརྒྱབ་རྗེས་ཞིབ་བཟོ་ཚོད་ལྟ་བྱེད་འགོ་ཚུགས། ལོ་21ལ་སླེབས་པའི་གཞོན་པ་དེའི་ངོས་ནས་བརྗོད་ན། དཀའ་ཚེགས་ཆེ་བའི་ཞིབ་བཟོ་འདི་ལྟ་བུ་ནི་ཁོང་གི་རླུང་གློག་ཕུགས་འདུན་དོན་གཉེར་བྱེད་སྐབས་ཀྱི་རྒྱུན་མཐོང་གི་བྱ་བ་ཞིག་ལས་མ་འདས།

    བོད་རང་སྐྱོང་ལྗོངས་ལ་རླུང་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་པའི་ནག་ཆུས་གྲོང་ཁྱེར་ལ་ས་ཁམས་གནས་ཡུལ་དང་གནམ་གཤིས་ཆ་རྐྱེན་གྱི་ཤུགས་རྐྱེན་ཐེབས་པའི་ཁར། དེ་སྔ་གློག་དྲའི་མ་ལག་བལྟོས་བཅས་ཀྱིས་ཞན་པོ་ཡོད་སྟབས་དགུན་ཁར་གློག་ཆད་པའི་གནས་ཚུལ་རྟག་ཏུ་ཐོན་གྱི་ཡོད།

    2024ལོའི་ཟླ་1པར། རྒྱལ་ཁབ་ནུས་རྒྱུ་ཚོགས་པ་བོད་ལྗོངས་ནག་ཆུ་འོ་མ་དིང་དགེའི་ཀྲའོ་ཝ་100ཡི་རླུང་གློག་རྣམ་གྲངས་ཚང་མ་བསྐྲུན་ནས་སྤྱོད་འགོ་ཚུགས་ཏེ། སྐབས་དེར་གོ་ལ་ཧྲིལ་པོར་ས་བབ་ཆེས་མཐོ་ཤོས་ས་ཁུལ་གྱི་གློག་འདོན་ཤུགས་ཆེ་ཤོས་ཀྱི་རླུང་གློག་རྣམ་གྲངས་ཤིག་ཏུ་གྱུར་ཡོད། ལོ་ལྟར་འདི་ནས་གློག་ཏུའུ་དུང་ཕྱུར་2ཙམ་དུད་ཚང་ཁྲི་སྟོང་མང་པོར་བཏང་བ་དེས་མི་ཁྲི་23གྱི་ལོ་གཅིག་གི་གློག་སྤྱོད་དགོས་མཁོ་བསྐངས་ཡོད། དེ་ལྟར་གནས་ཚུལ་དེ་ཁྲང་ཅན་རུའེ་དང་འདྲ་བའི་གཞོན་ནུ་མང་པོས་ཤེས་ནས་དེ་གར་ཡོང་སྟེ། རླུང་གློག་ཐང་འཁོར་སྐྱོད་བརྟན་པོ་བྱེད་པར་སྲུང་སྐྱོང་བྱེད་མཁན་རྐང་འཛིན་སྟོབས་ཤུགས་སུ་གྱུར་ཡོད།

    ཁྲང་ཅན་རུའེ་ཡིས“རྣམ་གྲངས་སྤྱོད་འགོ་ཚུགས་པའི་ཐོག་མར་རིག་ལྡན་ལྟ་ཞིབ་ཚད་ལེན་མ་ལག་མེད་པས། རྒྱང་རིང་པོ་ནས་རླུང་འཁོར་འཁོར་སྐྱོད་མི་བྱེད་པ་མཐོང་སྐབས་ལམ་སེང་མོ་ཊ་བཏང་ནས་གང་དུ་སྐྱོན་ཤོར་མིན་ལྟ་བར་འགྲོ་དགོས་ཀྱི་ཡོད། འོན་ཀྱང་ད་ཆ་ང་ཚོའི་ལྟེ་བའི་ཚོད་འཛིན་ཁང་གི་གློག་ཀླད་ནས་རླུང་འཁོར་25ཡི་འཁོར་སྐྱོད་གནས་ཚུལ་དུས་ཐོག་ཏུ་ལྟ་ཐུབ་པས། དུས་ཚོད་དང་ནུས་ཤུགས་མང་པོ་གྲོན་ཆུང་ཐུབ་སོང་། སྐབས་རེ་རླུང་འཁོར་རེ་གཉིས་ཡུལ་དངོས་སུ་ཞིབ་བཟོ་བྱེད་དགོས་པ་ཕུད། དེ་བྱིངས་ཚང་མ་གློག་ཀླད་ནས་འཁོར་སྐྱོད་ཀྱི་གནས་ཚུལ་ལ་བལྟས་ན་ཆོག་གི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།

    རླུང་འཁོར་སྲུང་སྐྱོང་ཞིབ་བཟོའི་འགན་འཁུར་བ་ཁྲེན་དབྱང་ཡང་00ནང་སྐྱེས་ཀྱི་གཞོན་པ་ཞིག་ཡིན་ཞིང་། སི་ཁྲོན་ནེ་ཅང་ནས་ཡིན་པ་དང་། སློབ་ཆེན་སྐབས་ཀྱི་ཆེད་ལས་ནི་འཕྲུལ་གློག་གཞི་གཅིག་ཅན་རེད། ཁོང་གིས། བོད་དུ“ས་བབ་ཆེས་མཐོ་བའི་ཤོང་ཚད་ཆེ་བའི་འཕྲུལ་ཚན”གྱི་རྣམ་གྲངས་ཤིག་ཡོད་པ་གོ་ཐོས་བྱུང་བས་རང་འགུལ་ངང་མིང་ཐོ་བཀོད་པ་ཡིན། “ལོ་ཆུང་ཆུང་ཡིན་ཙང་ཆུང་དུས་ནས་སྐྱིད་པོ་བསམས་ནས་མ་བསྡད་པར་ཕྱིར་དཀའ་ལས་རྒྱག་པར་འགྲོ་འདོད་བྱུང”ཞེས་བཤད།

    ལོ་34ལ་སླེབས་པའི་རླུང་གློག་ཐང་གི་བདག་སྐྱོང་འགན་འཁུར་བ་ཀུན་བཟང་བཀྲ་ཤིས་གཞོན་པ་དེ་དག་ཁྲོད་ནས་ཅུང་རྒན་པའི་གྲས་རེད། “2014ལོར་བོད་ལྗོངས་སློབ་ཆེན་ཞིང་འབྲོག་སློབ་གླིང་ནས་སློབ་གྲྭ་ཐོན་རྗེས། གློག་ཤུཌ་ཀྱི་ལས་ཀ་བྱས་པ་ཡིན། འོ་མ་དེང་དགེ་ནི་ངས་ལས་ཀ་བྱེད་མྱོང་བའི་ས་ཆའི་ནང་ནས་ས་བབ་མཐོ་ཤོས་རེད”ཅེས་ཀུན་བཟང་བཀྲ་ཤིས་ཀྱིས་སྤོབས་པ་ཆེན་པོས་བཤད། ཁོ་པ་རླུང་གློག་ཐང་སྤྱོད་འགོ་མ་ཚུགས་གོང་ནས་རྦད་དེ་ཐོན་སྐྱེད་གྲ་སྒྲིག་ལས་ཀ་བྱས་ནས་བསྡད་པས་འདི་གའི་ལས་ཀ་ཚང་མར་རྒྱུས་མངའ་ཆེན་པོ་ཡོད།

    རྒྱལ་ཁབ་ནུས་རྒྱུ་ཚོགས་པ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནག་ཆུ་ཡན་ལག་ཀུང་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པར། མིག་སྔར་འོ་མ་དེང་དགེ་རླུང་གློག་ཐང་གི་ལས་མིའི་ཁྲོད་ལོ་35མན་གྱི་གཞོན་ནུས་84%ལྷག་ཙམ་ཟིན་གྱི་ཡོད་པ་རེད། “དེང་སང་གི་གཞོན་ནུར་གསར་གཏོད་ཀྱི་ཐབས་ཤེས་མང་བའི་ཁར་ལས་ཀ་འཇོན་པ་མ་ཟད། ས་མཐོའི་ཁོར་ཡུག་འཕྲོད་མགྱོགས་པོ་ཡོད་པས། གཞོན་ནུ་དེ་བས་མང་བ་དང་ལྷག་པར་དུ་ས་གནས་འདི་གའི་གཞོན་ནུ་ང་ཚོ་དང་མཉམ་དུ་རླུང་གློག་ཁང་སྐྲུན་པར་ནུས་པ་སྔར་ལས་མང་བ་འདོན་རྒྱུར་དགའ་བསུ་ཞུ་གི་ཡིན”ཞེས་ཀུན་བཟང་བཀྲ་ཤིས་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།